ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཨེ་ཤེ་ཡའི་ཡུལ་གྲུར་འཚམས་གཟིཌ།
2009.02.20
༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་དེང་སྐབས་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་ཡིན་པ་དང་ཕྱི་ཚེས་ཉི་ཤུའི་ཉིན་ལྕམ་ཀི་ལིན་ཊོན་མཆོག་ལྷོ་ཀོ་རི་ཡའི་རྒྱལ་ས་སོའོལ་ནང་ཡོད་པའི་ཨེལྦ་ཧ་མཐོ་སློབ་ཁང་དུ་གསུང་བཤད་གནང་བའི་སྐབས་འཛམ་གླིང་ནང་ད་ལྟའི་ཆར་རྒྱལ་ཁབ་གང་འདྲ་ཞིག་གི་ནང་ལ་ཡང་བེུད་ཀྱི་ཐོབ་ཐང་ཆ་ཚང་ལྡན་པ་ཞིག་མེད་པར་བརྟེན་མུ་མཐུད་ནས་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་དང་ཁོང་ཉིད་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་ནས་ཐུགས་འགན་བཞེས་བཞིན་པ་དེའི་ཐོག་ནས་ཨ་རི་གཞུང་གིས་བེུད་ཀྱི་ཐོབ་ཐང་ལ་རིན་ཐང་ཆེན་པོ་རྩིས་ཀྱི་ཡོད་པའི་མཚོན་རྟགས་ཤིག་ཀྱང་ཡིན་པའི་གསུང་བཤད་གནང་ཡོད་པ་རེད། གསུང་བཤད་གནང་བའི་རིང་སློབ་ཕྲུག་དང་ཕན་ཚུན་འདྲི་བ་འདྲི་ལན་སྐབས་སློབ་ཕྲུག་ཚོས་སྲིད་དོན་གནད་དོན་ཁོ་ན་མ་ཡིན་པར་ལྕམ་ཀི་ལིན་ཊོན་མཆོག་སྐུ་སྒེར་གྱི་གནད་དོན་ཐོག་ལ་ཡང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་སློབ་ཕྲུག་ཚོས་ཁོང་དང་སྲིད་འཛིན་ཟུར་པ་སྦིལ་ཀི་ལིན་ཊོན་མཆོག་གཉིས་གང་འདྲ་བྱས་ནས་ཐུགས་ཕྲད་བྱུང་བ་སོགས་ཀྱི་གནད་དོན་མང་པོ་ཞིག་བཀའ་འདྲི་ཞུས་པའི་སྐབས་ལྕམ་ཀི་ལིན་ཊོན་མཆོག་ནས་ཁོང་གི་སྐུ་ཟླ་སྦིལ་ཀི་ལིན་ཊོན་མཆོག་ནི་ཁོང་གི་སྐུ་ཚེའི་བརྩེ་གདུང་གཅིག་པུ་དེ་ཡིན་པ་དང་ཁོང་གཉིས་བཟའ་ཚང་ཡིན་པའི་ཐོག་གྲོགས་པོ་ཡག་ཤོས་ཤིག་ཡང་ཡིན་པའི་སྐོར་སོགས་སློབ་ཕྲུག་ཚོར་ངོ་སྤྲོད་གནང་ཡོད་པ་རེད།