རྒྱ་ནག་གིས་རྒྱ་གར་ས་མཚམས་བར་རི་ལིའི་ལྕཌ་ལམ་བཟོ་འཆར།
2010.10.14
༄༅༎རྒྱ་ནག་གཞུང་ནས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་བར་རི་ལིའི་ལྕགས་ལམ་བཟོ་རྒྱུའི་འཆར་གཞི་ཡོད་འདུག ཀྲ་ཡེམ་སེ་ཨོཕ་ཨིན་དྲི་ཡ་ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་ཉེ་བའི་ཆར་བལ་ཡུལ་ས་མཚམས་བར་རི་ལིའི་ལྕགས་ལམ་བཟོ་རྩིས་བྱས་ཡོད་པ་ལྟར་ད་ཆ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་སུ་འཁེལ་བའི་ཀོང་པོ་ཉིང་ཁྲི་བར་རི་ལིའི་ལྕགས་ལམ་བཟོ་རྩིས་བྱེད་ཀྱི་ཡོད་འདུག
ཀོང་པོ་ཉིང་ཁྲི་ཞེས་པ་དེའི་ས་ཁུལ་འགའ་ཤས་ད་ལྟའི་ཆར་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་སུ་ཚུད་ཡོད་པ་དང་ རྒྱ་ནག་གི་ཕྱོགས་ནས་ས་གནས་འདིའི་ནང་ཆུ་མཛོད་ཆེན་པོ་ཞིག་ཀྱང་རྒྱབ་རྩིས་ཡོད་པ་ནི་ཆུ་བོ་སྦར་མ་པུ་ཏར་ཞེས་རྒྱ་གར་དང་ཁྱིམ་མཚེས་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་ལ་རྒྱུག་པའི་ཆུ་བོའི་དེ་དག་ཀྱང་འདི་ནས་བརྒྱུད་ལམ་ཆགས་ཀྱི་ཡོད་འདུག
རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཞིག་ནས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟའི་ཆར་ཆུ་རག་རྒྱབ་ནས་ཆུ་བོ་རྒྱ་ནག་ཕྱོགས་སུ་ཁ་ལོ་བསྒྱུར་གྱི་ཡོད་པ་དམིགས་བསལ་ར་འཕྲོད་ཐུབ་པ་གང་ཡང་མེད་ཀྱང་ས་ཁུལ་འདིའི་ནང་འཛུགས་སྐྲུན་གྱི་ལས་འཆར་ཆེན་པོ་ཞིག་འགོ་བཙུགས་ཡོད་པ་གསལ་པོ་རེད་ཅེས་གསུངས་འདུག
འོན་ཀྱང་རྒྱ་གར་གྱི་ཐབས་བྱུས་ཉམས་ཞིབ་མཁས་པ་སྐུ་ཞབས་སྦར་མ་ཅི་ལ་ནི་མཆོག་གིས། ཉིང་ཁྲི་ཁུལ་རི་ལིའི་ལྕགས་ལམ་རྒྱབ་ཀྱི་ཡོད་པ་དེས་ཁེ་ཕན་གཉིས་ཡོང་གི་ཡོད་པ་ནི། དང་པོ་དེ་ནི་ཆུ་རག་ཆེན་པོ་ཞིག་རྒྱབ་ཀྱི་ཡོད་པ་དེ་ཡང་དེ་སྔ་འབྲི་ཆུ་འགག་གསུམ་ཞེས་པའི་ཆུ་རག་ལས་ཀྱང་ཧ་ཅང་གཞི་རྒྱ་ཆེ་བ་ཞིག་ཡིན་པ་དང་ གཉིས་པ་དེ་ནི་རི་ལིའི་ལྕགས་ལམ་བཟོ་རྩིས་བྱེད་ཀྱི་ཡོད་པ་དེས་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་སུ་དམག་དོན་གྱི་ལས་གཞི་རྒྱ་ཆེ་རུ་གཏོང་ཐབས་སུ་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཅས་རྒྱ་གར་ལ་ཁ་གཏད་བཅོག་རྒྱུར་ལས་སླ་རུ་གཏོང་རྒྱུའི་ཐབས་བྱུས་ཤིག་ཡིན་པའི་ངོས་འཛིན་བྱེད་ཆོག་པ་ཡིན་ལུགས་དཔྱད་ཞིབ་གནང་ཡོད་པ་རེད།