རྒྱ་ནག་གི་རྩ་ཁྲིམས་བསྒྱུར་བཅོས་ལ་ཁས་ལེན་མི་བྱེད་རྒྱུའི་འབོད་སྐུལ།
2018.02.27
ཞི་ཡི་སྲིད་དབང་རིང་དུ་གཏོང་རྒྱུར་དམིགས་པའི་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་པར་ཁས་ལེན་མ་བྱེད་རོགས་ཞེས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཉེ་ལམ་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་རྒྱུན་སྐབས་གཉིས་ལས་བརྒལ་མི་ཆོག་པ་གསལ་བ་དེར་འགྱུར་བ་གཏོང་རྒྱུའི་གྲོས་འགོ་བཏོན་པ་དེར་རྒྱ་ནག་གི་རྩོམ་སྒྲིག་པ་ཟུར་པ་ཞིག་དང༌། ཚོང་ལས་གཉེར་མཁན་གྱི་བུད་མེད་གྲགས་ཅན་གཉིས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། དམར་ཤོག་ཚོགས་པས་བཏོན་པའི་གྲོས་འགོ་དེར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་མི་ཚོས་དྭང་ལེན་བྱེད་རྒྱུ་མེད་པའི་འབོད་སྐུལ་བྱས་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་གཞོན་ནུ་སྡེ་ཚོགས་ཀྱི་ཉིན་རེའི་གསར་ཤོག་ཀྱི་རྩོམ་སྒྲིག་པ་ཟུར་པ་(Li Datong)་གྱིས་སྐད་འཕྲིན་(Wechat)་ སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚོར་འབོད་སྐུལ་ཞིག་བྱས་པའི་ནང༌། གལ་སྲིད་རྒྱལ་ཁབ་ཀྱི་དབུ་ཁྲིད་མཐོ་ཤོས་ཀྱི་ལས་རྒྱུན་ལ་ཚད་བཀག་མེད་པ་བཟོས་པ་ཡིན་ཚེ། དེ་ནི་རྒྱ་ནག་གོང་མས་རྒྱལ་རྒྱུད་འཛིན་པའི་སྐབས་ལ་བསྐྱར་ལོག་རྒྱབ་པ་ལྟ་བུ་ཡིན། ངོས་ཀྱི་མི་རབས་ཚོས་མའོ་ཙེ་ཏུང་གི་འོག་ལ་འཚར་ལོངས་བྱས་པ་རེད། མའོ་ཡི་དུས་སྐབས་དེ་རྫོགས་ཚར་པ་རེད། ང་ཚོས་བསྐྱར་དུ་མའོ་ཡི་དུས་སྐབས་དེར་ག་འདྲ་བྱས་ནས་བསྐྱར་ལོག་བྱེད་ཐུབ་ཀྱི་རེད་དམ་ཅེས་དང༌། ཡང་བུད་མེད་ཚོང་པ་གྲགས་ཅན་(Wang Ying)་ཟེར་བས་(Wechat)་ སྤྱི་ཚོགས་དྲ་ལམ་ཐོག་བསམ་ཚུལ་ཞིག་སྟོན་པའི་ནང༌། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་དབང་ཆའི་ཐོག་གནས་ཐུབ་ཐབས་སུ་ག་རེ་ཡིན་ནའི་བྱེད་སྲིད་པ་ངོས་ཀྱི་ཤེས་ཀྱི་ཡོད། འོན་ཀྱང་ངོས་རང་རྒྱལ་ཁབ་འདིའི་མི་སེར་ཞིག་དང་རྒྱལ་ཁབ་འདི་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་པའི་ཆ་ནས་རང་ཡུལ་བཞག་ནས་རྒྱལ་ཁབ་གཞན་ལ་འགྲོ་རྒྱུའི་འཆར་གཞི་གང་ཡང་མེད། དེ་འདྲ་ཡིན་ཙང་རྒྱལ་ཁབ་འདི་རྒྱ་ནག་གོང་མ་དང༌། མའོ་ཙེ་ཏུང་གི་དུས་སྐབས་ལ་བསྐྱར་ལོག་མི་ཡོང་བའི་ཆེད་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་མི་ཚོས་ད་ཡོད་རྩ་ཁྲིམས་ནང་གསལ་བའི་སྲིད་འཛིན་དང༌། སྲིད་འཛིན་གཞོན་པའི་ལས་རྒྱུན་ལ་འགྱུར་བ་མ་བཏང་རོགས་ཟེར་བ་སོགས་ཀྱི་འབོད་སྐུལ་ཞུས་འདུག
རྒྱ་ནག་དམར་ཤོག་ཚོགས་པས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་རྒྱུན་ལ་འགྱུར་བ་གཏོང་རྒྱུའི་གྲོས་འགོ་དེ་འདི་ཚེས་ ༢༥ ཉིན་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་བརྒྱུད་བཏོན་ཡོད་པ་དང་། གཟའ་འཁོར་རྗེས་མའི་ནང་འཚོགས་རྒྱུའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐོག་གཏན་བེབས་བྱེད་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ངག་ཆོས།