བོད་ཀྱི་འབྲས་སྤུངས་ཞོ་སྟོན་སྐབས་ཀྱི་གནས་ཚུལ།
2009.08.31
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་ཡོད་པའི་འབྲས་སྤུངས་དགོན་པའི་ལོ་འཁོར་ཞོ་སྟོན་གྱི་དུས་སྟོན་སྐབས་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་ཤར་ཕྱོགས་ཨ་མདོ་མཚོ་ལྷོ་ཁུལ་ནས་དགེ་འདུན་པ་བཙན་ཁྲིད་བྱས་ནས་གོས་སྐུ་བཤམས་རྒྱུ་སོགས་ཀྱི་བྱེད་སྒོ་སྤེལ་བཅུག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
དེ་ཡང་ང་ཚོའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ལ་བོད་ནས་གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་གསུངས་དོན་ལྟར་ན་བོད་ཟླ་དགུ་པའི་གནམ་གང་ཉིན་འབྲས་སྤུངས་དགོན་པའི་ནང་སྟོན་པ་ཤཀྱ་ཐུབ་པའི་གོས་སྐུ་བསྒྲེངས་རྒྱུ་དང་དེ་ནས་ལྷ་མོའི་གཟིགས་འབུལ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཞོ་སྟོན་གྱི་མཛད་སྒོ་གནང་གི་ཡོད་པ་དང་འདས་པའི་ལོ་ཤས་ནང་འབྲས་སྤུངས་དགོན་པའི་ནང་རྒྱ་ནག་གི་བྱ་སྤྱོད་ཀྱིས་རྐྱེན་པས་དགེ་འདུན་པ་རྣམས་ནས་ངོ་རྒོལ་གྱི་ཚུལ་དུ་ཞོ་སྟོན་གྱི་མཛད་སྒོའི་ནང་མཉམ་རུབ་མ་གནང་བའི་གནས་ཚུལ་བྱུང་ཡོད་པ་རེད། དེ་མ་ཟད་འདས་པའི་ལོའི་ནང་བོད་ཀྱི་ཆོལ་ཁ་གསུམ་གྱི་ས་ཁུལ་ནང་ངོ་རྒོལ་ལས་འགུལ་ཆེན་པོ་དེ་ཡང་འབྲས་སྤུངས་དགོན་པའི་དགེ་འདུན་རྣམས་ཀྱིས་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་འགོ་བཙུགས་གནང་ཡོད་པ་རེད། དགེ་འདུན་མང་པོ་ཞིག་འཛིན་བཟུང་དང་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་ཕྱི་ལྟར་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བརྟན་ལྷིང་ཡིན་ཚུལ་གྱི་རྣམ་པ་བཏོན་པའི་ཆེད་དུ་ཞོ་སྟོན་གྱི་མཛད་སྒོའི་ཐོག་དམིགས་བསལ་གྱི་དོ་སྣང་དང་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད་བོད་ཀྱི་ཨ་མདོ་མཚོ་ལྷོ་ས་ཁུལ་ནས་ཆེད་མངགས་དགེ་འདུན་པ་བཞི་ཅུ་ཞེ་བརྒྱད་ཙམ་ལྷ་སར་འཁྲིད་ནས་ཞོ་སྟོན་གྱི་བྱེད་སྒོ་ཐོག་མཉམ་ཞུགས་བྱེད་དུ་བཅུག་ཡོད་པ་རེད་འདུག།