བོད་ཆབ་མདོ་སྨར་ཁམས་འོད་ཟེར་དགོན་པར་དམ་བསྒྲགས་བྱེད་པ།
2008.07.08
༄༅༎བོད་རང་སྐྱོང་ལྗོངས་ཆབ་མདོ་སྨར་ཁམས་ཁུལ་གྱི་འོད་ཟེར་དགོན་པའི་ནང་རྒྱ་ནག་གཞུང་གིས་སྔར་བས་དམ་བསྒྲགས་ཆེ་རུ་བཏང་སྟེ་དགོན་པའི་ཇ་ཁང་དང་གྲ་ཤག་ནང་ལའང་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་བསྡད་ནས་བལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་རེད།
དེ་ཡང་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བའི་ནང༌། ཕྱི་ཟླ་བདུན་པའི་ཚེས་ ༦ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ས་ཡོངས་རྫོགས་ནང་རྒྱ་ནག་གཞུང་གིས་དམག་དཔུང་འཕར་མ་འགྲེམས་འཇོགས་བྱས་ཏེ་དམ་བསྒྲགས་བྱེད་རྒྱུ་ཤུགས་ཆེ་རུ་བཏང་བ་མ་ཟད། བོད་ཀྱི་ཆབ་མདོ་ཁུལ་གྱི་སྨར་ཁམས་འོད་ཟེར་དགོན་པའི་ནང་ལ་ལྷ་ས་དང་ཆབ་མདོ་བཅས་ནས་ཡོང་བའི་ལས་དོན་རུ་ཁག་སླེབས་ཏེ་མགྲོན་ཁང་དང་གཞུང་ལས་ཁང་ནས་མ་བསྡད་པར་དགོན་པའི་ཇ་ཁང་དང་དགེ་འདུན་པའི་གྲ་ཤག་ནང་བསྡད་དེ་དགེ་འདུན་པ་ཚོར་དམ་བསྒྲགས་དང་ལྟ་སྲུང་བྱེད་རྒྱུ་དང་ཆབས་ཅིག་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།
བོད་ཀྱི་ཆབ་མདོ་སྨར་ཁམས་ཁུལ་གྱི་འོད་ཟེར་དགོན་པའི་མཁན་པོ་མུ་མཐུད་རྒྱ་ནག་གཞུང་གིས་ལྟ་སྲུང་འོག་གནས་བཞིན་ཡོད་པ་མ་ཟད། གལ་ཏེ་དགོན་པའི་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་ཀྱི་གནས་ཚུལ་བྱུང་བ་ཡིན་ཚེ་དེའི་འགན་འཁྲི་ཡོངས་རྫོགས་དགོན་པའི་མཁན་པོ་གཙོ་བོ་འགྱུར་བའི་དགེ་འདུན་པ་རྒན་གྲས་ཚོར་ཡོད་པའི་འཇིགས་སྐུལ་བྱེད་བཞིན་ཡོད་ཅིང༌། ས་གནས་མི་དམངས་ཚོས་གསུང་ན། ད་རེས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཆེ་རུ་གཏོང་དགོས་པའི་རྒྱུ་མཚན་ནི་ཉེ་ཆར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཏེ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ལམ་ལྷོང་མ་བྱུང་བའི་གནས་ཚུལ་དང་དེ་བཞིན་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ལ་ཉེ་བའི་སྐབས་དེར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སོགས་ཀྱི་གནས་ཚུལ་མི་ཡོང་བའི་ཆེད་དུ་འཛིན་པའི་སྲིད་ཇུས་ཤིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།