དབྱིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་དགའ་བསུ།

རྒྱ་ནག་གཞུང་གིས་དབྱིན་ཇིའི་གཞུང་ནས་སྔོན་ཆད་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཕྱིས་སུ་འགྱུར་བ་བཏང་བར་དགའ་བསུ་ཞུ་རྒྱུ་བརྗོད་འདུག

2008.11.15

༄༅༎རྒྱ་ནག་གི་འཐབ་ཕྱོགས་གཅིག་འགྱུར་ལྷན་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་དེང་སང་དབྱིན་ཇིའི་ཡུལ་དུ་གཞུང་དོན་སླད་དུ་གཟིགས་བསྐོར་གནང་བར་ཕེབས་པའི་སྐབས་དང་བསྟུན་ཏེ་དབྱིན་ཇིའི་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་སྦི་སྦི་སི་ཡིས་ཁོང་ལ་བོད་རྒྱའི་འབྲེལ་བའི་ཐད་ལ་བཀའ་འདྲི་ཞུས་པའི་ལན་དུ་དབྱིན་ཇིའི་གཞུང་གིས་སྔོན་ཆད་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཕྱིས་སུ་འགྱུར་བ་བཏང་བར་རྒྱ་ནག་གཞུང་གིས་དགའ་བསུ་ཞུ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད། དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཌེ་ལྦི་ཌི་མི་ལི་སྦེན་གྱིས་ཁ་སྔོན་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་དགུའི་ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་ནང་གསུང་བཤད་གནང་སྐབས་རྒྱ་ནག་གཞུང་དང་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མའི་དབར་ཕན་ཚུན་གྲོས་མོལ་གནང་རྒྱུར་དབྱིན་ཇིའི་སྲིད་གཞུང་གིས་རྒྱབ་སྐྱོར་ཞུ་གི་ཡོད་པས་མ་ཟད་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་དེ་བཞིན་གྲོས་མོལ་གྱི་རྨང་གཞིར་རྩིས་གནང་གི་ཡོད་པའི་དགོས་འདུན་ཡང་རྒྱབ་སྐྱོར་ཐ་གཅིག་ཏུ་ཞུ་གི་ཡོད་ཡིན་ནའང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེའི་མཆོག་ནས་གསལ་བསྒྲགས་དེའི་ནང་བོད་ཀྱི་གནད་དོན་ཐོག་དབྱིན་ཇིའི་གཞུང་གིས་སྔོན་ཆད་བོད་ཐོག་རྒྱ་ནག་གིས་ཆོས་ཡོན་བྱིན་བདག་གི་བདག་དབང་ཡོད་པ་ལས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཤིག་ནམ་ཡང་མིན་པ་ནན་བརྗོད་གནང་གི་ཡོད་ནའང་ད་ཆ་དབྱིན་ཇིའི་གཞུང་གིས་བོད་ཐོག་བལྟ་ཕྱོགས་དེ་ད་ལྟའི་གནས་བབ་དང་མཐུན་གྱི་མེད་པར་བརྟེན་དབྱིན་ཇིའི་གཞུང་གིས་ཡོ་རོབ་མཐུན་ཚོགས་དང་ཨ་མི་རི་ཀ་སོགས་ཀྱིས་འཛིན་པ་དང་གཅིག་མཚུངས་བོད་དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན་པར་ཁས་ལེན་གནང་གི་ཡོད་ལུགས་གསུང་ཡོད་པ་རེད། རྒྱ་ནག་གི་འཐབ་ཕྱོགས་གཅིག་འགྱུར་ལྷན་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་གྱིས་དེང་སང་དབྱིན་ཇིའི་ཡུལ་དུ་གཟིགས་བསྐོར་གནང་བར་ཕེབས་པའི་གོ་སྐབས་དེ་བཟུང་སྟེ་དབྱིན་ཡུལ་ནང་གནས་བཞིན་པའི་བོད་མི་དང་བོད་དོན་ཐད་ལ་རྒྱབ་སྐྱོར་གནང་མཁན་ཚོས་སོ་སོའི་ལག་ཏུ་བོད་ཀྱི་རྒྱལ་དར་ཁྱེར་ཅིང་བོད་དེ་རང་བཙན་རྒྱལ་ཁབ་ཡིན་ཞེས་བརྗོད་བྱ་འཁོད་པའི་འཕྲེད་དར་འདྲ་མིན་ཁྱེར་ཏེ་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་རེད། སྐབས་དེར་བོད་ནང་ཞི་བའི་ངོ་རྒོལ་ནང་ཞུགས་པའི་བོད་མི་ཚོར་རྒྱ་ནག་གཞུང་གིས་ཆེས་ལྕི་བའི་དྲག་གནོན་བྱས་པས་མ་ཚད་བོད་མི་མང་པོའི་ཚེ་སྲོག་བཅད་པའི་ཁར་བོད་མི་མང་པོ་བཙོན་འཇུག་བྱས་དང་བྱེད་མུས་ཡིན་ཡང་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ནང་སྐྱག་རྫུན་ཤ་སྟག་ཤོད་ཀྱི་ཡོད་པར་བརྟེན་རང་དབང་རྒྱལ་ཁབ་ཁག་ནང་གནས་བཞིན་པའི་བོད་མི་ཚོས་ངོ་རྒོལ་དང་སྐད་འབོད་རྒྱབ་སྟེ་རྒྱ་ནག་གུང་བྲན་ཏང་གི་སྲིད་གཞུང་གི་གདོང་རིས་ངོ་མ་དེ་དབྱིན་ཡུལ་གྱི་མི་སེར་ཚོས་མཁྱེན་རྟོགས་ཡོང་བ་བྱ་དགོས་པའི་སྐད་འབོད་རྒྱབ་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎