རྒྱ་ནག་གིས་ཨ་རི་ལ་ངོ་རྒོལ་རིམ་པས་ངར་ཤུགས་ཆུང་དུ་འགྲོ་སྲིད།

ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་མཇལ་རྒྱུའི་ཐད་རྒྱ་ནག་གིས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་པ་དེ་ངར་ཤུགས་རིམ་པས་ཆུང་དུ་འགྲོ་རྒྱུ།

2010.02.13

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མས་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༡༨ཉིན་མཇལ་འཕྲད་གནང་རྒྱུའི་གསལ་བསྒྲགས་དེར། དེང་སྐབས་རྒྱ་ནག་གཞུང་གིས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་དེ་ལྟར་ཡང༌། རྒྱ་ནག་གིས་ཨ་རིར་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་པའི་ངར་ཤུགས་དེ་དག་རིམ་པས་ཆུང་དུ་ཕྱིན་ཏེ། ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ལ་ཚབས་ཆེ་བའི་གནོད་སྐྱོན་དེ་ཙམ་ཡོང་བཟོ་མེད་སྐོར་ཉམས་ཞིབ་པ་ཚོས་ཚོད་དཔག་གནང་གི་ཡོད་འདུག

དེ་ཡང་ཉེ་ལམ་ཞིག་ནས་བཟུང༌གུའུ་གལ་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གིས་བཀའ་སྡོམ་དང་གསང་འཛུལ་བྱས་པའི་གནད་དོན་དང༌། ཡང་ཨ་རི་གཞུང་གིས་ཐའེ་ལྦན་ལ་ཆེས་དེང་རབས་ཅན་གྱི་གོ་མཚོན་རིགས་ཤིག་ཚོང་རྒྱུའི་ཐག་གཅོད་གནང་བ་སོགས་ཀྱིས་རྐྱེན་པས། ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་ཉེན་ཡོད་པའི་ཚོད་དཔག་བྱེད་བཞིན་པའི་སྐབས་འདིར༌། འདི་ཚེས་༡༡ཉིན་ཨ་རིའི་སྲིད་འཛིན་གྱི་བཞུགས་གནས་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། སྲིད་འཛིན་ཨོ་སྦ་མ་དང༌༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་འདི་ཚེས་༡༨ཉིན་མཇལ་འཕྲད་གནང་གཏན་འཁེལ་བའི་གསལ་བསྒྲགས་གནང་བའི་རྗེས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་ཀྲའོ་ཤུ་ཡིས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་འཕར་མ་མི་ཡོང་བའི་ཆེད། སྲིད་འཛིན་ཨོ་སྦ་མས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུའི་ཐག་གཅོད་དེ་ཕྱིར་འཐེན་དགོས་པ་དང་། བོད་དོན་དང་འབྲེལ་བའི་དཀའ་རྙོག་དེ་ཚོར་བ་སྐྱེན་པོའི་གནད་དོན་ཞིག་ཡིན་པ་དེ་གསལ་པོ་ཤེས་པ་བྱས་ཏེ། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་གྱི་སྲིད་བྱུས་འཛིན་བཞིན་པ་དེར་ཨ་རི་གཞུང་གིས་དོན་དངོས་ཐོག་ལག་བསྟར་གནང་བར་ང་ཚོས་འབོད་སྐུལ་ཞུ་གི་ཡོད་ཅེས་སྐད་ཆ་ཤུགས་ཆེན་པོ་བཤད་ཡོད་པ་དེ་ལྟར་ཡང༌། ཆབ་སྲིད་ཉམས་ཞིབ་པ་ཚོས། རྒྱ་ནག་གིས་ངོ་རྒོལ་དང་སྐྱོན་བརྗོད་ཇི་ཙམ་བྱས་ཀྱང༌། ཨ་རིའི་སྲིད་འཛིན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་དེ་བཀག་ཐུབ་ཐབས་མེད་པ་རྒྱ་ནག་གི་འགོ་འཁྲིད་ཚོས་གསལ་པོ་རྟོགས་ཐུབ་ཀྱི་ཡོད་པ་མ་ཟད༌། ཨ་རི་དང་རྒྱ་ནག་གཉིས་དབར་གནད་དོན་མང་པོའི་ཐོག་གཅིག་གི་གཅིག་ལ་ཤུགས་ཆེན་པོ་རྟེན་དགོས་ཀྱི་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས། གནད་དོན་འདིའི་ཐད་རྒྱ་ནག་གིས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་པའི་ངར་ཤུགས་དེ་རིམ་པས་ཆུང་དུ་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎