རྒྱ་ནག་གི་སྲིད་དོན་ལྟ་སྤྱོད་མི་མཐུན་པ་ལིའུ་ཤའོ་ཕུའུ་སྐོར།
2010.02.02
༄༅༎རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་དེང་སྐབས་རྒྱ་ནག་གཞུང་གི་བཙོན་འཇུག་འོག་གནས་བཞིན་པ་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པ་རེད་
ཨ་རིའི་ནང་རྟེན་གཞི་བྱས་ནས་པེན་ཞེས་པའི་རྒྱལ་སྤྱིའི་རྩོམ་བྲིས་པའི་ཚོགས་པས་ལིའུ་ཤའོ་ཕུའུ་ཡིས་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་རང་དབང་དེ་བཞིན་རང་ཉིད་ཀྱི་བསམ་ཚུལ་རང་དབང་ཐོག་ནས་འདོན་རྒྱུའི་ཐོག་རང་ནུས་གང་ཡོད་བཏོན་ནས་བཙོན་འཇུག་དང་ཚེ་སྲོག་གྱི་ཉེན་ཁར་མི་འཛེམས་པར་འཐབ་རྩོད་གནང་མཁན་ཞིག་གི་མཚན་ཐོག་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་ཡུལ་གྱི་འོས་མིའི་གྲས་སུ་མིང་ཐོ་ཕུལ་ཡོདཔ་དང་ ཡིན་ནའི་ད་རེས་གཟའ་མིག་དམར་ཉིན་གྱི་རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐོག་མགྲིན་ཚབ་པ་མའ་ཀྲའོ་ཤུའུ་ཡིས་དེའི་སྐོར་་གསར་འགོད་པའི་འདྲི་བར་ལན་འདེབས་བྱེད་པའི་སྐབས་བརྗོད་ན་ གལ་སྲིད་ནོ་བེལ་ཞི་བདེའི་གཟེངས་རྟགས་ལིའུ་ཤའོ་ཕུའུ་ལྟ་བུར་སྤྲད་པ་ཡིན་ཚེ་དེ་ནི་ཧ་ཅང་གི་ནོར་འཁྲུལ་ཞིག་རེད་ཅེས་བརྗོད་ཡོད་པ་རེད་ པེན་ཞེས་པའི་རྒྱལ་སྤྱིའི་རྩོམ་བྲིས་པའི་དེས་གསུངས་ན་ ཚོགས་པ་དེས་ལིའུ་ཤའོ་ཕུའུ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་མིང་ཐོ་ཕུལ་བའི་ནང་པེན་ཞེས་པའི་སྒྲིག་འཛུགས་དེའི་ཚོགས་མི་གཞན་དང་དེ་མིན་སྙན་གྲགས་ཅན་གྱི་རྩོམ་པ་པོ་ཁག་ཅིག་གིས་ཀྱང་ས་རྟགས་བཀོད་གནང་ཡོད་པའི་སྐོར་གསུངས་འདུག ལིའུ་ཤའོ་ཕུའུ་ཡིས་རྒྱུན་དུ་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ རྒྱ་ནག་གཞུང་གི་བྱ་སྤྱོད་ཐོག་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པའི་ཁར་ ཉིས་སྟོང་བརྒྱད་ལོའི་ནང་རྒྱ་ནག་ནང་གི་ལས་རིགས་འདྲ་མིན་མང་པོའི་མི་སྣ་བརྒྱ་གྲངས་ཤིག་གིས་ཐོག་མར་ས་རྟགས་འཁོད་པའི་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཞེས་རྒྱ་ནག་གི་ད་ཡོད་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་ཀྱི་ཡོངས་ཁྱབ་ཡིག་ཆ་འཛམ་གླིང་ཁྱོན་ཡོངས་སུ་འགྲེམས་སྤེལ་བྱས་པའི་ཡིག་ཆ་དེའི་ཟིན་བྲིས་དང་ས་རྟགས་དང་ཐོག་བཀོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཉེ་ཆར་པེ་ཅིན་འབྲིང་རིམ་ཁྲིམས་ཁང་གིས་ལིའུ་ཤའོ་ཕུའུ་བཙོན་འཇུག་ལོ་བཅུ་གཅིག་གི་ཁྲིམས་ཆད་བཏང་ཡོད་པར་འཛམ་གླིང་ཡུལ་གྲུ་ཁག་གི་དཔོན་རིགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའུ་ལ་བཙོན་འཇུག་ལོ་བཅུ་གཅིག་གི་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་པ་དང་འབྲེལ་ཁོང་མགྱོགས་མྱུར་གློད་བཀྲོལ་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་ཡོད་པ་རེད་