སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཝིཡེཏ་ནམ་ Vietnam ནང་ལོང་ཐོ་ Long Tho Cremation Park དུར་ཁྲོད་དུ་འོར་འདྲེན་ཞུས་འདུག

རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཝིཡེཏ་ནམ་རང་ནས་སྐུ་ཕུང་ཞུགས་འབུལ་དགོས་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག་ལ། རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་མི་ཐུབ་པར་ཁ་གཡར་ས་གཙོ་བོ། ཝིཡེཏ་ནམ་གཞུང་གིས་སྐུ་ཕུང་རྩིས་སྤྲོད་ཀྱི་འདོད་མོས་རྩ་བ་ནས་མེད་པར་ཐབས་ཤེས་མེད་སྐོར་བརྗོད་བཞིན་ཡོད་པ།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་པར། ཟླ་ཚེས་མི་གསལ། མི་སེར་གྱི་འདྲ་པར།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་དང་གཅིག་མཚུངས་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུ་ཕྱོགས་ཐད་ཀྱི་གནས་ཚུལ་ད་དུང་ཡང་གསལ་ཁ་མེད་པ་རེད།། འོན་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། རིན་པོ་མཆོག་གི་སྐུ་ཕུང་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ཁོང་ཝིཡེཏ་ནམ་ (Vietnam) དུ་དགོངས་པ་རྫོགས་རྗེས་སྐུ་ཕུང་འཇོག་ཡུལ་ (Vinmec Central Park International Hospital) སྨན་ཁང་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༤༡ སར་ཆགས་པའི་ལོང་ཐོ་ (Long Thọ Cremation Park) དུར་ཁྲོད་དུ་འོར་འདྲེན་ཞུས་འདུག 

འོན་ཀྱང་ཝིཡེཏ་ནམ་གཞུང་གི་མི་སྣས་ཁོང་གི་རྗེས་མཇུག་སློབ་མ་ཚོར་སྐད་ཅོར་རྒྱབ་པ་དང་མང་ཚོགས་ཁྲོད་ཟང་ཟིང་གི་ལས་དོན་སྤེལ་རྒྱུ་མེད་པའི་རེ་འདུན་བཏོན་ཡོད་པ་གནས་ཚུལ་འབྱུང་ཁུངས་པས་འགྲེལ་བརྗོད་ཀྱི་འདུག་ལ། ད་ལྟའི་འཆར་ལོང་ཐོ་ (Long Thọ Cremation Park) དུར་ཁྲོད་ཉེན་རྟོག་པའི་རྟོག་ཞིབ་ནན་པོ་བྱེད་བཞིན་འདུག་པར་མ་ཟད། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་སློབ་མ་ཚོ་ལོང་ཐོ་ (Long Thọ Cremation Park) དུར་ཁྲོད་ལྟ་བུ་ཚོར་བ་སྐྱེན་པའི་ས་ཁུལ་དུ་འགྲོ་རྒྱུ་མེད་པའི་རེ་འདུན་བྱས་འདུག 

 (Long Thọ Cremation Park) དུར་ཁྲོད་སྤྱི་གླིང་འདི་ཕྱི་ལོ་ ༢༠༡༤ ལོར་བཟོས་པ་ཞིག་ཡིན་འདུག་ཅིང་། འདི་ནི་ཝིཡེཏ་ནམ་ནང་གི་ས་སྐྱ་བརྩེ་ཆེན་ཞི་བདེ་ཆོས་གླིང་གི་བལྟ་སྐྱོང་ཡོད་འདུག་པ་དང་། ཕྱི་ལོ་ ༢༠༡༨ལོར་ཡོངས་སུ་བཟོ་བསྐྲུན་གྱིས། བོད་ལུགས་ཀྱི་མཆོད་རྟེན་ཞིག་ཀྱང་བཞེངས་པ་མཇལ་རྒྱུ་འདུག 

དུར་ཁྲོད་སྤྱི་གླིང་དེབ་སྐྱེལ་བྱས་པའི་ནང་དོན་ལྟར་ན། ས་ཁུལ་འདི་ནི་ཝིཡེཏ་ནམ་དང་ཨ་རིའི་དམག་འཐབ་སྐབས་འཁྲུག་རྫིང་ཧ་ཅང་ཆེན་པོ་བྱུང་ཡུལ་ཞིག་ཡིན་པ་དང་། དེར་མི་མ་ཡིན་པའི་འབྱུངཔོ་་སྡུག་རྩུབ་ཅན་གནས་ཡོད་པ་དེ་དག་གི་ནུས་པ་འཇོམ་བྱེད་ཡིན་པ་བཀོད་ཡོད་པ་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་བྱུང་། 

ཝིཡེཏ་ནམ་ནང་ཡོད་པའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་དད་ལྡན་རྗེས་མཇུག་པ་ཚོ་དང་ཝིཡེཏ་ནམ་ནང་འབྱོར་བའི་ལུང་སྔོན་དགོན་པའི་དགེ་འདུན་པ་ཚོས་ཝིཡེཏ་ནམ་གཞུང་གིས་འབྲེལ་མཐུད་པར་ཆེད་འཛུགས་བྱས་པའི་ལས་བྱེད་པ་ཚོ་དང་འབྲེལ་གཏུག་བྱེད་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་ཝིཡེཏ་ནམ་ནས་གནས་ཚུལ་མཁོ་སྤྲོད་པ་ཚོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་། 

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་བོད་ནས་ཝིཡེཏ་ནམ་དུ་ཕེབས་ལུགས་དང་། ཁོང་རྒྱ་ནག་དང་ཝིཡེཏ་ནམ་གྱི་གསང་བའི་མི་སྣས་འཇུ་བཟུང་བྱས་ལུགས། འཛིན་བཟུང་ཁང་ནས་གློད་དཀྲོལ་རྗེས་དགོངས་པ་རྫོགས་ཚུལ། སྐུ་ཕུང་རྩིས་སྤྲོད་མི་བྱེད་པའི་གནས་ལུགས་གསལ་ཁ་མེད་པ། མཐའ་ན་སྐུ་ཕུང་ཞུར་འབུལ་ཟིན་མེད་སོགས་ཀྱི་གནས་ཚུལ་སོགས་ནི་དོགས་གནས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གཞན་ཁག་གིས་བརྗོད་ན། ཝིཡེཏ་ནམ་གཞུང་གི་འབྲེལ་ཡོད་མི་སྣས། ལུང་སྔོན་དགོན་པའི་དགེ་འདུན་པ་ཚོར་སྐུ་ཕུང་ཞུགས་འབུལ་སྐབས་པར་དང་བརྙན་སོགས་གང་ཡང་བརྒྱབ་མི་ཆོག་པའི་བཀོད་ཁྱབ་བཏང་འདུག་པར་མ་ཟད། རྒྱ་ནག་གཞུང་གིས་རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་མི་ཐུབ་པ་ནི་གཙོ་བོ་ཝིཡེཏ་ནམ་གཞུང་གིས་སྐུ་ཕུང་རྩིས་སྤྲོད་བྱ་རྒྱུར་འདོད་པ་མེད་པ་བརྗོད་བཞིན་ཡོད་འདུག འོན་ཀྱང་དེ་དང་དུས་མཚུངས་ལུང་སྔོན་དགོན་པའི་འབྲེལ་ཡོད་ཚོར་གནས་ཚུལ་རྩད་ཞིབ་སླད་ཝིཡེཏ་ནམ་གྱི་གཞུང་འབྲེལ་མི་སྣ་སོགས་ལ་ཐུག་འཕྲད་བྱེད་བཅུག་གི་མེད་པ་རེད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཟླ་ ༣ པའི་ཚེས་ ༢༥ ཉིན་ཝེཊ་ནམ་གྱི་སཡི་གོན་ (Saigon) གྲོང་ཁྱེར་དུ། རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་དང་ཝིཡེཏ་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱིས་ཉིན་ཤས་རྗེས་གློད་དཀྲོལ་བཏང་ཡོད་ནའང་། ཕྱི་ཟླ་ ༣ ཚེས་༢༨ ཉིན་གློ་བུར་རྒྱུ་རྐྱེན་གསལ་པོ་གང་ཡང་མེད་པར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་པ་རེད། བོད་ནང་ད་ལྟའི་སྐབས་རྒྱ་ནག་གཞུང་གིས་མུ་མཐུད་ཁོང་གི་དགོན་གྲོང་གཉིས་སུ་དམ་དྲག་དང་། ཁོང་གི་པར་རིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་ནས་མྱ་ངན་བྱེད་མཁན་ཚོ་འབོད་འགུག་འདྲི་རྩད་སོགས་བྱེད་བཞིན་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་རྗེས་ལུང་སྔོན་དགོན་པའི་དགེ་འདུན་པ་ཁག་ཅིག་ལ་ཕྱི་ཚེས་ ༡༠ ཉིན་སྐུ་ཕུང་གི་ཞལ་རས་སྐར་མ་བཅུ་ཙམ་རིང་མཇལ་བཅུག་པ་ལས། སྐུ་ཕུང་ཡོངས་རྫོགས་མཇལ་བཅུག་མེད་ཅིང་། དགོན་པའི་དགེ་འདུན་པ་ཚོས་སྐུ་ཕུང་བོད་དུ་གདན་ཞུ་བྱ་རྒྱུར་འབད་བརྩོན་གནང་མིན་ལ་མ་བལྟོས་པར་ཝིཡེཏ་ནམ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་དང་འབྲེལ་ཡོད་རྒྱ་ནག་གི་ཆེད་མངགས་མི་སྣ་ཁག་གིས། ཁོང་སྐུ་གྲོངས་རྐྱེན་སོགས་གསང་སྟབས་དང་སྐུ་ཕུང་ཕྱིར་རྩིས་སྤྲོད་དང་བོད་དུ་འཁྱེར་མི་ཆོག་པའི་བཙན་ཐབས་སྣ་ཚོགས་བྱེད་བཞིན་ཡོད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གླི་བུར་སྐུ་གྲོངས་བའི་གནས་ཚུལ་དང་འབྲེལ། བོད་མི་སྒྲིག་འཛུགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་སོགས་ནས་རྒྱ་ནག་གཞུང་དང་ཝི་ཏི་ནམ་གཞུང་གིས་འགན་ཁུར་འོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་རྐྱེན་ཕྱི་གསལ་ནང་གསལ་དགོས་པའི་ཞུ་སྐུལ་དང་། ངོ་རྒོལ་ལས་སྤེལ་བཞིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་དང་ཝི་ཏི་ནམ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་། གཞུང་དེ་གཉིས་ཀར་འགན་ཡོད་པས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འཛིན་བཟུང་དང་རྐྱེན་འདས་ཀྱི་སྔ་ཕྱིའི་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་རེད། །

གསར་འགོད་པ། ལོ་ཡག་བཀྲ་ཤིས། བསྟན་འཛིན་པདྨ།

རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།  

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org