རྒྱ་ནག་གཞུང་གིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བ་དང་འབྲེལ་ཁོང་གི་པར་རིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་སྐོར་ཡུལ་མི་མང་པོར་འདྲི་རྩད་འབོད་འགུག་བྱེད་བཞིན་འདུག
ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་ཟིན་སྐོར་བཤད་པ་ནས་བཟུང་། རྒྱ་ནག་གཞུང་གིས་ཁོང་གི་དགོན་གྲོང་གཉིས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༤ ཉིན་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཡུལ་མི་མང་པོས་དྲ་ལམ་ཁག་ཏུ་རིན་པོ་ཆེ་མཆོག་ལ་མྱ་ངན་དང་། པར་རིས་སོགས་རྒྱུད་སྐུར་བྱས་པར་རྒྱ་ནག་གཞུང་གིས་དམ་དྲག་ཞིབ་བཤེར་གྱིས་བོད་མི་མང་དག་ཅིག་འབོད་འགུག་གིས་འདྲི་རྩད་བྱས་ཡོད་པ་མ་ཟད། བོད་མི་རེ་གཉིས་བཀག་ཉར་འོག་ཡོད་པའི་གནས་ཚུལ་རེ་བྱུང་གི་ཡོད་ན་ཡང་། ཞིབ་ཕྲའི་གནས་ཚུལ་དམ་དྲག་དང་ཞིབ་བཤེར་རྐྱེན་གྱིས་རྩ་ནས་ལེན་ཐུབ་ཀྱི་མེད་པ། བོད་ཕྱི་ཕྱོགས་སུ་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བའི་གནས་ཚུལ་དང་འབྲེལ། ས་གནས་བོད་མི་ཚོར་ཕྱོགས་ཡོངས་ནས་དམ་དྲག་བྱེད་མགོ་ཚུགས་ཡོད་པ་དང་། ད་ལྟའི་ཆར་བོད་མི་མང་དག་ཅིག་ལ་འདྲི་རྩད་འབོད་འགུག་བྱས་ཡོད་པ་དངོས་བདེན་ཡིན་ན་ཡང་། བོད་མི་དེ་དག་གི་མིང་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་ཅིང་། ས་གནས་བོད་མི་ཚོའི་ཁ་པར་སོགས་ལ་ཞིབ་བཤེར་དང་། དགོན་གྲོང་གཉིས་ནི་ཉིན་མཚན་གཉིས་སུ་ཉེན་རྟོག་པའི་སོ་སྲུང་འོག་ཡོད་པས། མི་མང་ལ་འདུ་འཛོམས་རིགས་དང་འདས་མཆོད་ཆེད་ཆོས་ལུགས་ཀྱི་ཆོ་ག་རིགས་སྔར་བཞིན་རྩ་ནས་ཚོགས་བཅུག་གི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཟླ་ ༣ པའི་ཚེས་ ༢༥ ཉིན་ཝེཊ་ནམ་གྱི་སའི་གོན་ (Saigon) གྲོང་ཁྱེར་དུ། རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་དང་ཝེཊ་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱིས་ཉིན་ཤས་རྗེས། གློ་བུར་རྒྱུ་རྐྱེན་གསལ་བཤད་གང་ཡང་མེད་པར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་པ་བཞིན། ཡང་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་གྱི་གནད་དོན་ཐད་ཞིབ་འཇུག་གནང་མཁན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། ཕྱི་ཚེས་ ༡༠ ཉིན་ལུང་སྔོན་དགོན་པའི་དགེ་འདུན་པ་དང་རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་རིན་པོ་ཆེའི་ཞལ་རས་ཙམ་ལ་ལྟ་བཅུག་ཡོད་པའི་གནས་ཚུལ། ཕྱི་ཚེས་ ༡༡ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསལ་བཤད་བྱས་ཡོད་པ་ལས། ད་ལྟའི་ཆར་སྐུ་ཕུང་གི་གནས་སྟངས་ཐད་གསལ་ཁ་གང་ཡང་མེད་པར་གྱུར་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གླི་བུར་སྐུ་གྲོངས་བའི་གནས་ཚུལ་དང་འབྲེལ། བོད་མི་སྒྲིག་འཛུགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་སོགས་ནས་རྒྱ་ནག་གཞུང་དང་ཝི་ཏི་ནམ་གཞུང་གིས་འགན་ཁུར་འོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་རྐྱེན་ཕྱི་གསལ་ནང་གསལ་དགོས་པའི་ཞུ་སྐུལ་དང་། ངོ་རྒོལ་ལས་སྤེལ་བཞིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་དང་ཝི་ཏི་ནམ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་། གཞུང་དེ་གཉིས་ཀར་འགན་ཡོད་པས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འཛིན་བཟུང་དང་རྐྱེན་འདས་ཀྱི་སྔ་ཕྱིའི་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་རེད། །
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།