རྒྱ་ནག་གཞུང་གིས་བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་ཟིན་སྐོར་གྱི་བརྡ་ཡིག་ཅིག་སྤྲད་པ་མ་གཏོགས་སྐུ་ཕུང་རྩིས་སྤྲད་མི་འདུག

2025.04.02
རྒྱ་ནག་གཞུང་གིས་བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་ཟིན་སྐོར་གྱི་བརྡ་ཡིག་ཅིག་སྤྲད་པ་མ་གཏོགས་སྐུ་ཕུང་རྩིས་སྤྲད་མི་འདུག སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་བཀའ་དབང་གནང་བཞིན་པ། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་ ༨ ཙམ་གྱི་རྗེས། དེ་རིང་ཕྱི་ཚེས་ ༢ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་ཁོང་འདས་གྲོངས་སུ་གྱུར་ཡོད་སྐོར་བསྒྲགས་འདུག་ལ། ཁོང་ད་ལོ་དགུང་ལོ་ ༥༦ རེད་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༤ ཚེས་ ༢ ཉིན། རྒྱ་ནག་གཞུང་འབྲེལ་ངོས་ནས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་འབྲེལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ཁུངས་ལྡན་མི་སྣ་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལ། རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་ལུང་སྔོན་དགོན་པའི་མཁན་པོ་གཙོས་དགེ་འདུན་པ་བདུན་ལྷག་སྲིད་གཞུང་གི་ལས་ཁུངས་སུ་འབོད་འགུག་གིས། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གྲོངས་ཡོད་སྐོར་གསལ་བའི་ཡིག་ཆ་ཞིག་ལ་དགེ་འདུན་པ་ཚོར་ས་རྟགས་བཀོད་བཅུག་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། དེ་མིན་ད་ལྟའི་ཆར་ཁོང་གི་སྐུ་ཕུང་གང་དུ་ཡོད་པ་དང་། ཟླ་དུས་ནམ་ཞིག་ས་གནས་གང་དུ་གྲོངས་བ་སོགས་ཞིབ་ཕྲའི་གནས་ཚུལ་དམ་དྲག་རྐྱེན་གྱིས་རྩ་ནས་ཤེས་རྟོགས་ཐུབ་ཀྱི་མེད་པ་གསུང་གི་འདུག

ཡང་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཆེད་འཛུགས་གནང་བའི་སྒེར་གཉེར་སློབ་གྲྭ་བཞི་ཙམ་ཡོད་པ་དང་། ཁོང་གར་སོང་ཆ་མེད་དུ་གྱུར་བའི་རྗེས་སུ་རྒྱ་ནག་གཞུང་གིས་སློབ་གྲྭ་དེ་དག་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་གསུང་གི་འདུག

དེ་སྔ་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ནང་མཚོ་སྔོན་ཡུལ་ཤུལ་ནས་ཡིན་པ་མིང་ངོ་སྤྲོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་སྐབས། ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ནང་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་མགོ་ལོག་ཏུ་མཇལ་ཡང་། ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད་པ་བརྗོད་ཡོད་ལ། ཁོང་གིས་གསུངས་པར་གཞིགས་ན་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ཟླ་གྲངས་ ༠༨ ལྷག་འགྲོ་གི་ཡོད་པ་རེད། དེ་བཞིན་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས། མཆོག་སྤྲུལ་ཧཱུཾ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཟླ་མགོ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་མང་ཁྲོད་གླེང་སློང་ཤུགས་ཆེ་བྱུང་བས། རྒྱ་ནག་གཞུང་གིས་ཁོང་གི་དགོན་པ་ལུང་སྔོན་དགོན་དང་མི་མང་ལ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བཤད་མི་ཆོག་པ་དང་། ཁོང་གི་བཀའ་སློབ་ཀྱི་བརྙན་དང་སྒྲ་སོགས་བརྒྱུད་སྤེལ་བྱེད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་འགྲེལ་བརྗོད་གནང་ཡོད།

དྲ་ཐོག་ཏུ་མཇལ་རྒྱུ་ཡོད་པའི་བརྙན་ཞིག་ནང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༡ ཧཱུྃ་ཀར་རྡོ་རྗེ་མཆོག་ནས། བསྟན་པའི་སྦྱིན་བདག་དུ་མས་བསྐུལ་བ་ལྟར་ཨོ་རྒྱན་ཛམ་བྷ་ལའི་ལྷ་དབང་འདོད་དགུའི་མཆོག་སྩོལ་གྱི་སྨིན་དབང་ཟབ་མོ་གནང་ཡོད་སྐོར་གསལ་འདུག་ཅིང་། དེ་ལྟར་བདེན་ཚེ། དེ་ནི་ཁོང་གར་སོང་ཆ་མེད་དུ་མ་འགྱུར་གོང་གི་ཉི་མ་འགའ་ཤས་སྔོན་ཙམ་ལ་རེད། སྐབས་དེར་ཁོང་གིས་བོད་ཀྱི་སྐད་ཡིག་རིག་གནས་དར་སྤེལ་གཏང་རྒྱུ་དེ་བོད་མི་རྣམས་ཀྱི་དུས་རབས་ཀྱི་འགན་ཁྲི་ཡིན་པ་དང་། རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་སྲིད་བྱུས་འོག་བོད་མི་ཚོས་སོ་སོའི་རིག་གནས་སྲུང་སྐྱོབ་མ་ཐུབ་ན། དེ་ནི་བོད་མིས་མ་འཇོན་པ་ཞིག་ཡིན་པས། ཚང་མས་སྐད་ཡིག་དང་རིག་གནས་ཐོག་ཤུགས་བརྒྱབ་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་སློབ་གནང་འདུག

ཡང་གནས་ཚུལ་འདི་དང་འབྲེལ་ཨ་རིའི་ནང་བཅའ་བཞུགས་རྙིང་མའི་བླ་ཆེན་ཞིག་གིས་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ནང་གི་སྙན་གྲགས་ཆེ་བའི་རྙིང་མའི་བླ་ཆེན་སྐུ་གསུམ་གླིང་པའི་སྲས་ཡིན་པ་དང་། ཡབ་ཀྱི་མཚན་ཆ་ཚང་ལ་གཏེར་སྟོན་ཨོ་རྒྱན་སྐུ་གསུམ་གླིང་པའམ། པདྨ་གཏུམ་དྲག་རོལ་པའི་རྡོ་རྗེ་ཞུ་བ་དང་། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཀྱང་འགྲོ་དོན་རྒྱ་ཆེར་མཛད་མཁན་ཞིག་ཡིན་པ་སོགས་འགྲེལ་བརྗོད་གནང་བྱུང་།

ཡང་འབྲེལ་ཡོད་ཁོང་གིས་མུ་མཐུད་དེང་སང་བོད་ནང་ཕྱག་ལས་ཤུགས་ཆེན་པོ་གནང་མཁན་གྱི་བླ་ཆེན་རྣམ་པར་ནམ་རྒྱུན་ནས་རྒྱ་ནག་གཞུང་གིས་བལྟས་ནས་སྡོད་ཡོད་པས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་རེད། དཔེར་ན། ལོ་ཤས་སྔོན་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་ཡང་སྲིད་གློ་བུར་དུ་དགོངས་པ་རྫོགས་པའི་ཐད་ལ་ཡང་དོགས་གཞི་ཆེན་པོ་བྱུང་བ་རེད་ཅེས་འགྲེལ་བརྗོད་གནང་ཡོད།

དེ་བཞིན་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས། དེང་སྐབས་བོད་ནང་དུ་ཤུགས་རྐྱེན་ཆེ་བའི་བླ་ཆེན་མང་པོ་མཚན་གུང་ལ་གསང་བའི་ཐོག་བཙན་འཁྲིད་ཀྱིས་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་བཞིན་ཡོད་པ་བོད་ཀྱི་ས་ཁུལ་གང་སར་གོ་རྒྱུ་ཡོད་པ་དང་། དེར་བརྟེན་མི་མང་ནང་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནས་སྟངས་ལ་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད།

blessing.jpg
མི་མང་ལ་ཕྱག་དབང་གནང་བཞིན་པ། (hungkardorje.org)

དྲྭ་ཐོག་ཏུ་བཀོད་པའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་ལོ་རྒྱུས་ལྟར་ན། ཁོང་ནི་ཕྱི་ལོ་ ༡༩༦༩ ལོར་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་སུ་ཡབ་སྙིགས་དུས་འགྲོ་བའི་འདྲེན་མཆོག་གཏེར་ཆེན་བླ་མ་རིན་པོ་ཆེ་༧པདྨ་གཏུམ་དྲག་རྡོ་རྗེ་མཆོག་དང་། ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ལུང་སྔོན་དགོན་པ་ནས་ཐུན་མིན་རིག་གནས་སྤྱི་དང་ཐུན་མིན་ནང་བསྟན་ཆོས་གཞུང་དག་ལ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༩ ནས་ ༡༩༩༤ བར་འབྲས་སྤུངས་དགོན་པར་སློབ་གཉེར་གནང་སྟེ་རབ་འབྱམས་མཁས་པའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༥ ནས་ ༡༩༩༧ བར་ཨ་རིར་རྒྱལ་སྤྱིའི་སྐད་ཡིག་སློབ་ཆེན་ནས་སློབ་སྦྱོང་གནང་།

ཕྱི་ལོ་ ༢༠༠༢ ལོ་ནས་སྲིད་གཞུང་གི་ཆོག་མཆན་ལྟར་ལུང་སྔོན་དགོན་པའི་གདན་རབས་བཅུ་པར་མངའ་གསོལ་ཁྲི་འདོན་མཛད་ཅིང་། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་པེ་ཅིན་མཐོ་སློབ་ཀྱི་མཚན་ཉིད་རིག་པའི་སྡེ་ཚན་ཏེ་འཛམ་གླིང་ཆོས་ལུགས་ཀྱི་ཞིབ་འཇུག་ཐོག་ལ་སློབ་སྦྱོང་གནང་འདུག ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་ཚོགས་པ་བཙུགས་པ་དང་། ཕྱི་ལོ་ ༢༠༠༧ ལོ་ནས་ཁུལ་སྲིད་གཞུང་དང་སློབ་གསོ་ཅུའུ་ཡི་ཆོག་མཆན་ལྟར་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུཾ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་བཙུགས་ཏེ་ཞིང་འབྲོག་ཁུལ་གྱི་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་སློབ་མ་མང་པོར་རིན་མེད་ཐོག་གསོ་སྐྱོང་གནང་ཡོད་པ་སོགས་བཀོད་འདུག །

གསར་འགོད་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎