མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་རྒྱ་ནག་གི་འཛིན་བཟུང་འོག་འདས་གྲོངས་སུ་གྱུར་བར་བོད་མི་ལས་འགུལ་བ་ཁག་ཅིག་ནས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་སྐད་འབོད་གནང་འདུག

2025.04.11
མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་རྒྱ་ནག་གི་འཛིན་བཟུང་འོག་འདས་གྲོངས་སུ་གྱུར་བར་བོད་མི་ལས་འགུལ་བ་ཁག་ཅིག་ནས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་སྐད་འབོད་གནང་འདུག ལས་འགུལ་བ་རྣམས་ཉེན་རྟོག་པས་འཛིན་བཟུང་བྱེད་བཞིན་པ། ༢༠༢༥།༠༤།༡༡
TYC

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཉེ་ལམ་མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་ཝི་ཊི་ནམ་དུ་རྒྱ་ནག་གི་འཛིན་བཟུང་འོག་འདས་གྲོངས་སུ་གྱུར་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་དང་། ཝི་ཊི་ནམ་གཞུང་ཚབ་ཁང་ལ་གནད་དོན་དེའི་སྐོར་གསལ་བཤད་དགོས་པའི་ཞུ་སྙན་ཕུལ་འདུག 

ཉེ་ལམ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྤྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་ཝི་ཏི་ནམ་གྱི་སའི་གོན་(Saigon)གྲོང་ཁྱེར་དུ། རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་དང་ཝི་ཏི་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱི་ཉིན་ཤས་རྗེས། གློ་བུར་རྒྱུ་རྐྱེན་གསལ་བཤད་གང་ཡང་མེད་པར་འདས་གྲོངས་སུ་འགྱུར་བའི་གནས་ཚུལ་མཐོན་ཡོད་པར། ཟླ་ ༤ ཚེས་ ༡༡ རེས་གཟའ་པ་སངས་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་མཆོག་སྤྲུལ་རིན་པོ་ཆེ་ལྐོག་འགྱུར་ངང་འདས་གྲོངས་ཀྱི་རྒྱུ་རྐྱེན་ཐད་ཕྱི་གསལ་ནང་གསལ་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག ཝི་ཏི་ནམ་གཞུང་ཚབ་ཁང་ལ་ཛ་དྲག་གནས་སྟངས་དེའི་རྒྱུད་རིམ་གསལ་བཤད་དགོས་པའི་ཞུ་སྙན་ཞིག་ཀྱང་ཕུལ་འདུག 

རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་མི་ལས་འགུལ་བ་ ༡༧ ནས་ངོ་རྒོལ་སྐད་འབོད་བྱས་རྐྱེན་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ནའང་། ཕྱི་དྲོ་ཆུ་ཚོད་དྲུག་པའི་ཐོག་ལས་འགུལ་བ་རྣམས་གྲོད་བཀྲོལ་བཏང་འདུག 

དེ་ཡང་ལས་འགུལ་གོ་སྒྲིག་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་ལས་འགུལ་དེའི་སྐོར་ངོ་སྤྲོད་གནང་དོན་ལ། ཉེ་ལམ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཏི་ནམ་ནང་གློ་བུར་དུ་འདས་གྲོས་སུ་ཕྱིན་ཡོད་པས། ཞིང་གཤེགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ལ་རྒྱལ་སྤྱིའི་རང་ཞིན་ལྡན་པའི་ཐོག་ཞིབ་འཇུག་ཚད་ལྡན་གྱིས། ཞིབ་འཇུག་གི་གྲུབ་དོན་དེ་ཕྱི་གསལ་ནང་གསལ་དགོས་པ་མ་ཟད།  རིན་པོ་ཆེའི་སྐུ་ཕུང་ལྟོས་བཅས་ནང་མི་ལ་རྩིས་སྤྲོད་དགོས་པའི་སྐོར་སྐད་འབོད་ཞུ་སྐུལ་གནང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག དེ་བཞིན་ཁོང་གིས་མུ་མཐུད། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་མཁན་གྱི་བོད་མི་རྣམས་འཛིན་བཟུང་བཀག་ཉར་གྱིས། ལྐོག་འགྱུར་ངང་བཀྲོངས་རྒྱུའི་བྱ་སྤྱོད་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ལ། དེ་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སྐོར་འགྲེལ་བརྗོད་གནང་བྱུང་།

མ་ཟད་བསོད་ནམས་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། ད་ཐེངས་ཧཱུྃ་དཀར་མཆོག་སྤྲུལ་རིན་པོ་ཆེ་དོགས་གཞིའི་འོག་འདས་གྲོངས་སུ་གྱུར་བའི་གནད་དོན་གསལ་བཤད་དགོས་སྐོར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལས་འགུལ་བ་ཁག་ཅིག་ནས་ངོ་རྒོལ་སྐད་འབོད་གནང་ཡོད་པ་མ་ཚད། རིན་པོ་ཆེ་འདས་གྲོངས་སུ་འགྱུར་ཡུལ་ཝི་ཊི་ནམ་གཞུང་ནས་དེའི་ཐོག་འགན་ཁུར་ཡོང་ཐབས་སུ་ཝི་ཊི་ནམ་གཞུང་ཚབ་ཁང་ལ་དེ་དོན་གསལ་བཤད་དགོས་པའི་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་མཚུངས་ཟླ་ ༤ ཚེས་ ༡༡ ཕྱི་དྲོའི་ཚོུད་ ༦ ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞི་ཐུན་མོང་གིས་བཞུགས་སྒར་དུ། མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་དོགས་གཞིའི་འོག་འདས་གྲོངས་སུ་གྱུར་བར་མྱ་ངན་མཚོན་ཆེད་བཞུགས་སྒར་རྡ་རམ་ས་ལའི་མེ་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་བ་དང་། དེ་འབྲེལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། ཐེངས་འདིའི་ལས་འགུལ་ནི་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་འདས་གྲོངས་སུ་གྱུར་བའི་རྒྱུ་རྐྱེན་གསལ་བཤད་ཡོང་ཆེད་ཡིན་ཞིང་། ཁོང་རྣམས་ནས་རྒྱ་ནག་དང་ཝི་ཏི་ནམ་གཞུང་གཉིས་ལ་འབོད་སྐུལ་གྱི་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་སྐོར་གསུངས་བྱུང་།

དེ་བཞིན་བཞུགས་སྒར་དུ་གནས་བསྡོད་མདོ་སྨད་མགོ་ལོག་རྨ་ཆེན་རྗོང་ནས་ཡིན་པའི་བསམ་གྲུབ་ལགས་ཀྱིས། སྤྱིར་མགོ་ལོག་ནང་བླ་མ་རྩ་ཆེན་ཤིན་ཏུ་ནས་མང་པོ་ཡོད་ཅིང་། མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་ལྟ་བུའི་ནི་རྒྱ་ནག་གཞུང་ལ་ཐད་ཀར་ངོ་རྒོལ་གནང་མཁན་གྱི་བླ་མ་བློ་སྟོབས་ཅན་ཞིག་ཡིན་ཞིང་། དམ་པ་ཁོང་གིས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐད་མཛད་པ་རླབས་ཆེན་བསྐྱངས་གནང་མཛད་ཡོད་པས། གློ་བུར་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ནས་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༣ པའི་ཚེས་ ༢༥ ཉིན། མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་ཝི་ཏི་ནམ་རྒྱལ་ཁབ་ཀྱི་གྲོང་ཁྱེར་(Saigon)ནང་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཝི་ཏི་ནམ་གཞུང་གི་ཉེན་རྟོག་པ་མཉམ་འབྲེལ་གྱིས་དངོས་སུ་འཛིན་བཟུང་བྱས་ཏེ། སྤྱི་ཚེས་ ༢༨ ཉིན་ས་གནས་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲོད་དང་མཚུངས་ཉི་མ་དེ་ག་རང་དུ་རིན་པོ་ཆེ་མཆོག་སྐུ་བཀྲོངས་པའི་གནས་ཚུལ་ཐོན་ཡོད་པར། བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་ཀྱི་གཞུང་མ་ཡིན་པའི་ཚོགས་སྡེ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་རིན་པོ་ཆེ་དོགས་གཞིའི་འདས་གྲོངས་སུ་གྱུར་བར་བློ་འཚབ་དང་སྦྲགས། རིན་པོ་ཆེ་གྲོངས་རྐྱེན་གསལ་བཤད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎