མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་ལགས་ཀྱི་སྐུ་ཕུང་ཝི་ཊི་ནམ་གྱི་སྨན་ཁང་ཞིག་ཏུ་ལྷག་ཡོད་པས། རྒྱལ་སྤྱིའི་རང་དབང་ཅན་གྱི་སྡེ་ཚན་ཁག་ལ་རྟོག་ཞིབ་བྱེད་བཅུག་སྟེ། ཁོང་གྲོངས་རྐྱེན་གསལ་བོ་བཟོ་དགོས་ཡོད་ཅེས། ཝི་ཊི་ནམ་གཞུང་ལ་མདོ་སྨད་དབུས་རྒྱུན་གྱིས་འབོད་སྐུལ་གནང་ཡོད་པ།

2025.04.05
མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་ལགས་ཀྱི་སྐུ་ཕུང་ཝི་ཊི་ནམ་གྱི་སྨན་ཁང་ཞིག་ཏུ་ལྷག་ཡོད་པས། རྒྱལ་སྤྱིའི་རང་དབང་ཅན་གྱི་སྡེ་ཚན་ཁག་ལ་རྟོག་ཞིབ་བྱེད་བཅུག་སྟེ། ཁོང་གྲོངས་རྐྱེན་གསལ་བོ་བཟོ་དགོས་ཡོད་ཅེས། ཝི་ཊི་ནམ་གཞུང་ལ་མདོ་སྨད་དབུས་རྒྱུན་གྱིས་འབོད་སྐུལ་གནང་ཡོད་པ། མཁན་པོ་འཇུ་བསྟན་སྐྱོང་གིས་གསར་འགོད་གསལ་བསྒྲགས་གནང་བཞིན་པ། ༢༠༢༥།༠༤།༠༥
RFA/Tenzin Woser

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྤྱི་ཟླ་ ༤ པའི་ཚེས་ ༥ ཉིན། བོད་ནང་གི་མདོ་སྨད་མགོ་ལོག་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པའི་གནད་དོན་དང་འབྲེལ་ཏེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཟླ་མཇུག་ནས་བཟུང་། སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༣ པའི་ཚེས་ ༢༥ བར། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ཝི་ཏི་ནམ་(Vietnam)རྒྱལ་ཁབ་ཏུ་དཀའ་ངལ་ཆེན་པོའི་སྒོ་ནས་སྦས་སྐུང་གིས་བཞུགས་དགོས་བྱུང་ཡོད་ཅིང་། སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༣ པའི་ཚེས་ ༢༥ ཉིན། ཝི་ཏི་ནམ་རྒྱལ་ཁབ་ཀྱི་གྲོང་ཁྱེར་(Saigon)ནང་ཁོང་གི་བཞུགས་ཤག་ཏུ་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཝི་ཏི་ནམ་གཞུང་གི་ཉེན་རྟོག་པ་མཉམ་འབྲེལ་གྱིས་དངོས་སུ་འཛིན་བཟུང་བྱས་ཏེ། སྤྱི་ཚེས་ ༢༨ ཉིན་ས་གནས་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲོད་དང་མཚུངས་ཉི་མ་དེ་ག་རང་དུ་རིན་པོ་ཆེ་མཆོག་སྐུ་བཀྲོངས་པའི་གནས་ཚུལ་ལྷག་པ་མ་ཟད། ད་ལྟ་སྐུ་ཕུང་ཝི་ཏི་ནམ་གྱི་(Vinmec Central Park International Hospital)སྨན་ཁང་དུ་བཞག་ཡོད་པ་གོ་ཐོས་འདུག་པས། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་རིན་པོ་ཆེའི་སྐུ་ཕུང་ལ་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་དཔྱོད་སྡེ་ཚན་ཁག་ལ་བརྟག་དཔྱད་ཞིབ་འཇུག་ནན་པོ་བྱེད་བཅུག་ནས། ཝི་ཏི་ནམ་གཞུང་གིས་རིན་པོ་ཆེ་སྐུ་བཀྲོངས་རྐྱེན་གསལ་བོ་བཟོ་དགོས་ཡོད་ཅེས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ལྷ་མོ་བཀྲ་ཤིས་ལགས་ནས་འགྲེལ་བརྗོད་གནང་གི་འདུག

WhatsApp Image 2025-04-05 at 14.44.25_57683ed5.jpg
གསར་འགོད་གསལ་བསྒྲགས་གནང་བཞིན་པ། (RFA)

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་གཞིར་བཟུང་གསར་འགོད་གསལ་བསྒྲགས་སུ་འཁོད་པའི་ནང་། “རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ། སྔ་ལོར་བཙན་དབང་གིས་ལུང་སྔོན་དགོན་པར་གདན་འདྲེན་བྱེད་བཅུག་སྐབས། དམར་གཞུང་གི་འདོད་པ་བཞིན་སྣེ་ལེན་བྱས་མེད་པའི་རྐྱེན་གྱིས་རྙོག་གླེང་སྣ་མང་བཟོས་པ་དང་། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞབས་བརྟན་ལྗགས་རྩོམ་གནང་བར་བསྙད་ནས། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ པའི་ནང་མཚོ་སྔོན་ཞིང་ཆེན་ཉེན་རྟོག་ཚན་པའི་མཐོ་རིམ་འགོ་ཁྲིད་འགའ་ཡོང་སྟེ་འདྲི་རྩད་མང་པོ་བྱས་མཐར་མཛུབ་ཐེལ་མནན་བཅུག་པ། མགོ་ལོག་གི་སློབ་གྲྭའི་སློབ་གསོའི་ཕྱག་ལས་ཐད་རྒྱ་གཞུང་གི་འདོད་པ་ལག་བསྟར་མ་བྱས་པ་སོགས་ཀྱིས་སུན་བཙེར་ལན་མང་བཟོས་རྗེས། སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་མཇུག་ནས་གར་སོང་ཆ་མེད་དུ་གྱུར་པ་”འཁོད་ཡོད་ཅིང་། འབྲེལ་ཡོད་གནས་ཚུལ་མཁོ་སྒྲུབ་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས། རྒྱ་ནག་གཞུང་གིས་སྤྱི་ཟླ་ ༤ པའི་ཚེས་ ༡ ཉིན་ལུང་སྔོན་དགོན་པའི་འགན་ཡོད་མི་སྣ་སྐད་བཏང་སྟེ་རིན་པོ་ཆེ་སྐུ་གྲོངས་འདུག་ཅེས་པའི་ཡིག་ཆ་བསྟན་པ་ལས་པར་ལེན་བཅུག་མེད་པ་དང་། སྤྱི་ཟླ་ ༤ པའི་ཚེས་ ༣ ནས་ལུང་སྔོན་དགོན་པའི་དགེ་འདུན་པ་བཞི་དང་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་པུའུ་དང་ཆོས་དོན་ལས་ཁུངས། བདེ་འཇགས་དང་རྒྱལ་སྲུང་ལས་ཁུངས་བཅས་ཀྱི་མི་སྣ་ཁག་ཅིག རིན་པོ་ཆེའི་སྐུ་ཕུང་གདན་འདྲེན་དུ་ཝི་ཏི་ནམ་ནང་བསྐྱོད་འདུག་ཀྱང་འདི་ག་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། རྒྱ་གར་གཞུང་། བོད་མིའི་སྒྲིག་འཛུགས་སོགས་ལ་རེ་སྐུལ་གྱིས་སྐུ་ཕུང་གདན་འདྲེན་མ་བྱས་གོང་དུ་སྐུ་ཕུང་ལ་བརྟག་དཔྱད་ཀྱིས། སྐུ་བཀྲོངས་རྐྱེན་གསལ་བོ་བཟོ་རྒྱུའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཝི་ཏི་ནམ་གྱི་གཞུང་ཚབ་ལ་གནད་དོན་དེའི་སྐོར་ནན་འདྲི་དང་འབྲེལ་བའི་ཡི་གེ་བཏང་ཡོད་ནའང་། ད་ལྟའི་གནས་སྐབས་སུ་ཝི་ཏི་ནམ་གཞུང་གིས་ལན་འབྱོར་མེད།

མདོ་སྨད་དབུས་རྒྱུན་གྱི་གསལ་བསྒྲགས་ངོ་སྤྲོད་ནང་“མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི། ཕྱི་ལོ་ ༡༩༦༩ ལོར་མདོ་སྨད་མགོ་ལོག་ཏུ་ཡབ་རྗེ་གཏེར་ཆེན་བླ་མ་༸པདྨ་གཏུམ་དྲག་རྡོ་རྗེ་དང་ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། ཁོང་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྤྲུལ་དུ་ངོས་འཛིན་མཛད། སྤྱི་ལོ་ ༡༩༨༩ ལོ་ནས་རྒྱ་གར་དུ་ཕེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མདུན་ནས་བསྙེན་པར་རྫོགས་ཤིང་། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་། ཨ་མི་རི་ཀར་རྒྱལ་སྤྱིའི་སྐད་ཡིག་སློབ་ཆེན་དུ་སློབ་གཉེར་དང་བོད་ནང་ཕྱིར་ཕེབས་ཀྱིས་ལུང་སྔོན་དགོན་པའི་གྲྭ་བཙུན་སྔགས་གསུམ་ཉིས་སྟོང་ལྷག་དང་། ཧཱུྃ་ཀར་རྡོ་རྗེའི་མི་རིགས་ལས་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་སོགས་ཀྱི་རྐང་འགན་བཞེས་པའི་མུར། བྱམས་བརྩེའི་སྨན་ཁང་དང་ལེགས་བཤད་ལྡེ་མིག་དཔེ་མཛོད་ཁང་སོགས་བཙུགས་ཏེ། ཉེ་འཁོར་གྱི་རྒན་ཁོག་དང་དབུལ་པོ། ནད་པ་ཁྲི་ཕྲག་དུ་མར་ལོ་རེ་བཞིན་སྒོར་མོ་དང་ཟས་གོས་ཀྱི་མཐུན་རྐྱེན་ཆད་མེད་དུ་སྦྱར་བཞིན་པ་རེད་འདུག

དེ་བཞིན་ཁོང་གིས་དད་ལྡན་ཁྲི་ཕྲག་དུ་མར་དུས་འཁོར་དབང་ཆེན་ཐེངས་གསུམ་གནང་བ་དང་། ཨ་མི་རི་ཀ་དང་ཁེ་ན་ཌ། ཝི་ཏི་ནམ། ར་ཤི་ཡ། རྒྱ་ནག་བཅས་སུའང་ལན་མང་ཕེབས་ནས་ནང་ཆོས་འཆད་སྤེལ་གྱིས་སློབ་ཚོགས་རྒྱ་ཆེ་ཡོད་པ་མ་ཟད། དབུ་མའི་སྟོང་ཐུན་དང་ཕུན་སུམ་ཚོགས་པའི་མིའི་རང་བཞིན་ལེགས་པར་བཤད་པ་སོགས་ལྗགས་རྩོམ་པོད་གྲངས་ཉི་ཤུ་ལྷག་བཞུགས་པ་”སོགས་འཁོད་འདུག །

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎