བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཝེ་ཊི་ནམ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་བརྩི་སྲུང་གིས། སྤུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་འགྱུར་བའི་གནད་དོན་ཐད་ཁྲིམས་མཐུན་ཞིབ་འཇུག་གིས་གསལ་བཤད་དགོས་སྐོར་མཉམ་སྦྲེལ་བསྒྲགས་གཏམ་སྤེལ།

2025.04.10
བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཝེ་ཊི་ནམ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་བརྩི་སྲུང་གིས། སྤུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་འགྱུར་བའི་གནད་དོན་ཐད་ཁྲིམས་མཐུན་ཞིབ་འཇུག་གིས་གསལ་བཤད་དགོས་སྐོར་མཉམ་སྦྲེལ་བསྒྲགས་གཏམ་སྤེལ། མཉམ་སྦྲེལ་བསྒྲགས་གཏམ་གྱི་གསལ་བསྒྲགས།
Free Tibet

ཉེ་ལམ་ཟླ་ ༣ ཚེས་ ༢༩ ཉིན་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེ་ཊི་ནམ་རྒྱལ་ཁབ་ཏུ་གླུ་བུར་སྐུ་གཤེགས་པའི་གནས་ཚུལ་ཐོན་པར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བདུན་ཐུན་མོང་ནས་དམ་པ་དེ་ཉིད་སྐུ་གཤེགས་རྐྱེན་གང་ཡིན་གསལ་བཤད་དགོས་པའི་འབོད་སྐུལ་གྱི་བསྒྲགས་གཏམ་སྤེལ་འདུག

དེ་ཡང་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྤྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་ཝི་ཏི་ནམ་གྱི་སའི་གོན་(Saigon)གྲོང་ཁྱེར་དུ། རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་དང་ཝི་ཏི་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱི་ཉིན་ཤས་རྗེས། སྤྱི་ཟླ་ ༣ པའི་ཚེས་ ༢༨ ཉིན་གློ་བུར་དང་རྒྱུ་རྐྱེན་གསལ་བཤད་མེད་པར་སྐུ་གྲོངས་པའི་གནས་ཚུལ་བརྡ་ལན་སྤྲད་པ་ཙམ་ལས། རིན་པོ་ཆེའི་གྲོངས་རྐྱེན་ཇི་ཡིན་ཞིབ་ཕྲ་གསལ་བཤད་བྱས་མེད་པར། ཕྱི་ཟླ་ ༤ ཚེས་ ༩ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཝི་ཊི་ནམ་གཞུང་ངོས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་གྲོངས་རྐྱེན་གང་ཡིན་སྐུ་ཕུང་ལ་རྟག་ཞིབ་ཀྱིས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་དགོས་པ་མ་ཟད། ཞིང་གཤེགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ལྟོས་བཅས་ནང་མི་ལ་རྩིས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

མཉམ་སྦྲེལ་བསྒྲགས་གཏམ་དེའི་ནང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བདུན་གྱིས་དོན་ཚན་བཞི་གསལ་སྟོན་གནང་འདུག་པ་དང་། དེའི་སྐོར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ཀྱིས། སྤྱིར་ཝེ་ཊི་ནམ་རྒྱལ་ཁབ་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་བརྩི་སྲུང་གིས། ཉེ་ལམ་ཝི་ཊི་ནམ་དུ་སྤུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་འགྱུར་བའི་གནད་དོན་དེའི་ཐད་ཝེ་ཊི་ནམ་གཞུང་གིས་ཞིབ་འཇུག་ཚད་ལྡན་གྱིས། དམ་པ་ཁོང་དང་འབྲེལ་ཡོད་ནང་མི་རྣམས་ལ་གང་མྱུར་གསལ་བཤད་གནང་དགོས་པ་དང་། ལྷག་པར་དུ་དམ་པ་ཁོང་ཝེ་ཊི་ནམ་རྒྱལ་ཁབ་ནང་ཇི་ལྟར་འདས་གྲོངས་སུ་འགྱུར་མིན་ཐད་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་སྒོ་ནས་སྐུ་ཕུང་ལ་རྟག་ཞིབ་ནན་གཟབ་ཀྱིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་མ་ལྷུང་བར་ཞིང་གཤེགས་དམ་པ་ཁོང་གི་འབྲེལ་ཡོད་ནང་མི་རྣམས་ལ་རྩིས་སྤྲོད་དགོས་སྐོར་འབོད་སྐུལ་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཞུ་འབོད་བསྒྲགས་སྤེལ་མཁན་ཁོངས་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་ཀྱིས། ཐེངས་འདིའི་ཚོགས་པ་ཁག་བདུན་ཐུན་མོང་གིས་སྒྲགས་གཏམ་སྤེལ་བ་དེ་བཞིན་ཝེ་ཊི་ནམ་གཞུང་ལ་ཆེད་དམིགས་ཀྱིས། མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་མཆོག་རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་དང་ཝི་ཏི་ནམ་གྱི་ཉེན་རྟོག་པའི་འཛིན་བཟུང་བཀག་ཉར་འོག གློ་བུར་དུ་འདས་གྲོང་སུ་འགྱུར་བའི་རྒྱུ་རྐྱེན་གང་ཡིན་མིན་ཐད་ཕྱི་གསལ་ནང་གསལ་ཡོང་རྒྱུའི་ཆེད་ཡིན་པ་དང་། དེའི་ཆེད་དུ་ཝི་ཊི་ནམ་གཞུང་དང་གཞུང་ཚབ་ལ་གནོན་ཤུགས་ཞུ་འབོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུང་གི་འདུག

དེ་བཞིན་ཟླ་བ་ ༤ ཚེས་ ༩ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་འགན་འཛིན་གཞོན་པ་མཱ་ཡཱ་ཝང་ལགས་(Maya Wang) ཀྱིས། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོས་སུ་གྱུར་བར་ཝེ་ཊི་ནམ་གཞུང་ངོས་ནས་སྐུ་ཕུང་ལ་རྟག་ཞིབ་ཚད་ལྡན་གྱིས། དམ་པ་ཁོང་གི་སྐུ་ཕུང་དེ་བཞིན་འབྲེལ་ཡོད་ནང་མི་རྣམས་ལ་རྩིས་སྤྲོད་དགོས་པ་གསུངས་འདུག

ཐེངས་འདིའི་བསྒྲགས་གཏམ་དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་། བོད་རང་དབང་ཚོགས་པ། བོད་གནས་ལྟ་ཞིབ་ཁང་། ཨོ་གླིང་བོད་དོན་ལྷན་ཚོགས། བོད་དོན་ལས་འགུལ་ལྟེ་གནས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་བཅས་བོད་དོན་དང་འབྲེལ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་ཐུན་མོང་ནས་སྤེལ་འདུག

གཞི་རྩའི་ཝི་ཊི་ནམ་དུ་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་ཟླ་ ༤ ཚེས་ ༨ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་ཏེ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོས་སུ་འགྱུར་བར་རྒྱ་ནག་གཞུང་དང་ཝི་ཏི་ནམ་གཞུང་གིས་འགན་ཁུར་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་དང་ཝི་ཏི་ནམ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་། རིན་པོ་ཆེ་འདས་གྲོངས་སུ་གྱུར་བའི་གནད་དོན་དེ་གཞུང་གཉིས་ཀར་འགན་ཡོད་པས་ཞིང་གཤེགས་དམ་པ་དེ་ཉིད་འཛིན་བཟུང་དང་རྐྱེན་འདས་ཀྱི་སྔ་ཕྱིའི་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎