མགོ་ལོག་ལུང་སྔོན་དགོན་པའི་ངོས་ནས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེ་ཐི་ནམ་རྒྱལ་ཁབ་དུ་འདས་གྲོངས་སུ་ཕྱིན་སྐོར་བསྒྲགས་འདུག་ན་ཡང་འབྲེལ་ཡོད་ནས་དེ་ནི་རྒྱ་ནག་གཞུང་གི་གཡོ་བྱུས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག

2025.04.04
མགོ་ལོག་ལུང་སྔོན་དགོན་པའི་ངོས་ནས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེ་ཐི་ནམ་རྒྱལ་ཁབ་དུ་འདས་གྲོངས་སུ་ཕྱིན་སྐོར་བསྒྲགས་འདུག་ན་ཡང་འབྲེལ་ཡོད་ནས་དེ་ནི་རྒྱ་ནག་གཞུང་གི་གཡོ་བྱུས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་པར་དང་ལུང་སྔོན་དགོན་པས་མི་མང་ལ་བཏང་བའི་བརྡ་ཁྱབ་ཡི་གེ
མི་སེར་གྱི་འདྲ་པར།

ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་ཟིན་སྐོར་དགོན་པ་དེའི་དགེ་འདུན་པ་ཁག་ཅིག་བསྡུ་སྐོང་གིས་བརྡ་ཡིག་ཅིག་སྤྲད་ཡོད་པ་བཞིན། ཕྱི་ཚེས་ ༣ ཉིན་བོད་ནང་གི་ལུང་སྔོན་དགོན་དམངས་དམ་ཁང་ནས་དེ་འབྲེལ་གྱི་གསལ་བསྒྲགས་ཤིག་སྤེལ་དེ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུའི་སྙུན་གཞིའི་རྐྱེན་གྱིས་ཕྱི་ཟླ་ ༣ ཚེས་ ༢༩ ཉིན། ཝེ་ཐི་ནམ་རྒྱལ་ཁབ་ཀྱི་ (Ho Chi Minh) གྲོང་ཁྱེར་དུ་གླུ་བུར་སྐུ་གཤེགས་ཡོད་པ་བཀོད་འདུག་ན་ཡང་། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གསུམ་ནས་གནས་ཚུལ་དེ་རྒྱ་ནག་གཞུང་འབྲེལ་གྱི་གཡོ་བྱུས་འཐེན་ནས་བཙན་ཐབས་ཀྱིས་བརྗོད་བཅུག་བཞིན་པ་ལས། ཁོང་ཝེ་ཐི་ནམ་སོགས་ཕྱིའི་རྒྱལ་ཁབ་དུ་མ་ཕེབས་པར་ཡུན་རིང་ཡིན་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

ལུང་སྔོན་དགོན་པས་བཏང་བའི་བརྡ་ཁྱབ་དེའི་ནང་། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཞལ་ཆེམས་ཡི་གེ་ལྟར་སྐུ་ཁམས་མི་དྭངས་བའི་རྟགས་མང་དུ་བསྟན་པས། སྔོན་མ་ནས་གནས་དབེན་ས་ཞིག་ཏུ་སྐུ་མཚམས་ལ་བཞུགས་དགོས་གསུངས་ཤིང་། དགོན་པ་ལ་ཞལ་ཆེམས་ཀྱི་ཡི་གེ་སོགས་བཞག་ནས་ངེས་མེད་དུ་གཅིག་པུར་སྒྲུབ་པ་ཉམས་ལེན་དུ་ཕེབས་སོང་། དེ་ཡང་རང་ཅག་གདུལ་བྱའི་བསོད་ནམས་ཀྱི་ནུས་ཤུགས་ཞན་པས་སྐུ་གཤེགས་ཡོད་སྐོར་གསལ་འདུག་མོད། འབྲེལ་ཡོད་གཞན་ཞིག་ནས་སྤྲུལ་སྐུ་མཆོག་དབེན་གནས་སུ་སྒོམ་སྒྲུབ་ཆེད་ཕེབས་པ་ཡིན་ན། འདས་པའི་ཟླ་ཤས་རིང་ཁོང་གར་སོང་ཆ་མེད་དུ་གྱུར་སྐབས། རྒྱ་ནག་གཞུང་འབྲེལ་ངོས་ནས་མི་མང་ལ་ཁོང་གི་སྐོར་ནས་རྩད་གཅོད་དང་གསུང་བཤད་ཀྱི་བརྙན་དང་སྒྲ་སོགས་དྲ་ལམ་དུ་རྒྱུད་སྐུར་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་དོན་ལ་རྒྱུ་མཚན་མེད་པ་དང་། ད་ལྟ་ཡང་ཕ་ཡུལ་ཕྱོགས་སུ་གནད་དོན་དེ་དང་འབྲེལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

ལུང་སྔོན་དགོན་པའི་བརྡ་ཁྱབ་དེའི་མཇུག་ཏུ་སྤྲུལ་སྐུ་ཁོང་ནི་ཚེ་གང་བོར་བསྟན་པ་ལ་གཅིག་ཏུ་གུས་པའི་ནང་བའི་དགེ་སྦྱོང་ཞིག་དང༌། རྒྱལ་གཅེས་ཆོས་གཅེས་སོགས་མཛད་རྗེས་བླ་ན་མེད་པའི་སྐྱེས་བུ་དམ་པ་ཞིག་ཡིན། ཏང་ཨུ་དང་སྲིད་གཞུང་གིས་བླ་མེད་ཐུགས་ཁུར་དང་རྒྱབ་སྐྱོར་འོག འཐབ་སྒྲིལ་དང་དགོན་པའི་དམངས་དམ་ཁང༌། ནང་མི་སོགས་རྩ་འཛུགས་བྱས་ཏེ་ཝེ་ཐི་ནམ་རྒྱལ་ཁབ་ཏུ་འགྲོ་ལུགས་བསྒྲུབ་པར་བཏང་། སློབ་འབངས་ཡོངས་ཀྱིས་ཀྱང་ཁོང་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ཀྱི་ཐུགས་བཞེད་བཞིན་དུ། དཔལ་འབྱོར་ལ་ཆུད་ཟོས་དང་འཕྲོ་བརླག་སོགས་མེད་པའི་སྒོ་ནས་གདུང་མཆོད་དང་འདས་རྗེས་ཀྱི་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་རྣམ་དག་ཅིག་སྤེལ་རྒྱུ་ཡིན་པས་དད་ལྡན་ལྷ་སྡེ་མི་སྡེ་ཡོངས་ནས་ཐུགས་ལ་ངེས་པར་འཚལ་སོགས་བཀོད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་ ༨ ཙམ་འགྲོ་བཞིན་ཡོད་པ་རེད་ལ། སྔར་ལོའི་ཕྱི་ཟླ་ ༡༡ ཟླ་མགོ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་མང་ཁྲོད་གླེང་སློང་ཤུགས་ཆེ་བྱུང་བས། རྒྱ་ནག་གཞུང་གིས་དགོན་པ་ལུང་སྔོན་དགོན་དང་མི་མང་ལ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བཤད་མི་ཆོག་པ་དང་། ཁོང་གི་བཀའ་སློབ་ཀྱི་བརྙན་དང་སྒྲ་སོགས་བརྒྱུད་སྤེལ་བྱེད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་རེད་ལ། ཁོང་གིས་མི་ཚེ་གང་བོར་བོད་ཀྱི་ཆོས་རིག་འཛིན་སྐྱོང་གཙོས་སྒེར་གཉེར་སློབ་གྲྭ་ཆེད་འཛུགས་དང་། དགོན་པ་གྲྭ་ཚང་གཙོས་ཉེ་འཁོར་གྱི་རྒན་རྒོན་ལོ་ལོན་དང་དབུལ་བོ། ནད་པ་མང་པོར་ལོ་རེར་དངུལ་དང་ཟས་གོས་སྨན་སྦྱིན་སོགས་ཀྱི་རོགས་སྐྱོར་དང་། སྤྱི་ཚོགས་བདེ་འཇགས་དང་། ཁོར་ཡུག་སྲུང་སྐྱོབ། མི་རིགས་སློབ་གསོ་སོགས་ལ་འབད་བརྩོན་ཤུགས་ཆེར་མཛད་གནང་ཡོད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎