མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བའི་གནས་ཚུལ་དང་འབྲེལ་བོད་ཕྱི་ནང་གཉིས་ནས་ཕངས་སེམས་ཀྱིས་མྱ་ངན་དང་ཁོང་གི་འདས་རྐྱེན་ལ་དོགས་གཞི་བྱེད་བཞིན་འདུག

2025.04.03
མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བའི་གནས་ཚུལ་དང་འབྲེལ་བོད་ཕྱི་ནང་གཉིས་ནས་ཕངས་སེམས་ཀྱིས་མྱ་ངན་དང་ཁོང་གི་འདས་རྐྱེན་ལ་དོགས་གཞི་བྱེད་བཞིན་འདུག མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་དང་བོད་མི་ཚོས་མྱ་ངན་ཞུས་པའི་མཆན་འགའ། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་ཟིན་སྐོར་གྱི་བརྡ་ཡིག་ཅིག་སྤྲད་དེ། ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གསར་ལམ་ཁག་གཙོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་རྗེས། བོད་ཕྱི་ནང་གཉིས་ནས་མཆོག་སྤྲུལ་ཁོང་གིས་མི་ཚེ་ཧྲིལ་པོར་བོད་ཀྱི་རིག་གནས་གཅེས་སྐྱོང་དང་ཉམ་ཐག་མི་མང་ཁྲི་སྟོང་མང་པོར་རོགས་སྐྱོར། བོད་ནང་སྒེར་གྱི་སློབ་གྲྭ་ཆེད་འཛུགས་དང་བོད་ནང་གི་ཤེས་ཡོན་ལྟེ་གནས་ཁག་ལ་རོགས་སྐྱོར་མཛད་པ་སོགས་ཀྱི་བྱས་རྗེས་གླེང་བ་དང་འབྲེལ། ཁོང་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན་པར་ཕངས་མེས་དང་ཡིད་གདུང་གིས་མྱ་ངན་ཞུ་མཁན་མང་དག་ཅིག་ཡོང་བཞིན་འདུག་ལ། བོད་ནང་གི་བོད་མི་ཞིག་ནས་བོད་ཀྱི་བྱས་པ་ཅན་གྱི་མི་བུ་ཤུགས་རྐྱེན་ཅན་དག་གློ་བུར་འདས་གྲོངས་སུ་འགྲོ་བཞིན་པ་ནི། སྙུང་གཞི་ཁོ་ནར་འབྲེལ་བ་ཞིག་མ་ཡིན་པར་གནད་དོན་ཅན་ཞིག་ཡིན་སྐོར་གྱི་དོགས་གཞི་བསླངས་ཡོད་པ་སོགས་བཀོད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་ཕྱིན་སྐོར་དང་འབྲེལ་བོད་ནང་གི་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་གདུང་སེམས་མཉམ་སྐྱེད་ཀྱི་ཡིག་རིས་དང་། མིག་ཆུ་དང་སྐྱོད་གདུང་གི་རྣམ་པ་མངོན་པའི་མཚོན་དོན་ཅན་མང་དག་ཅིག་སྤེལ་སོང་ལ། བོད་མི་ཞིག་ནས་བོད་ཀྱི་ཆོས་སྲིད་གཉིས་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་་མཁན་དག་རེ་རེ་བཞིན་སྐུ་ཞུ་བར་གཤེགས་པ་ཐོས་དུས། ཡིད་ཀྱི་གཏིང་ནས་སྐྱོ་བ་སྐྱེས་ཡོང་བ་ཞིག་ཡིན་སྐོར་དང་། ཡང་བོད་མི་གཞན་ཞིག་ནས་རིགས་ཀྱི་མཁས་དབང་རྣམ་རེ་རེ་བཞིན་འདི་ལྟར་བཞུད་ན། ང་ཚོ་ནི་ལུག་རྫི་མེད་པའི་ལུག་ཁྱུ་ཞིག་དང་འདྲ་བ་ལ་སོགས་དང་། ཡང་བོད་ཕྱི་ནས་རང་གི་དངོས་མིང་འགྲེལ་བརྗོད་གནང་འདོད་མེད་མཁན་དགེ་བཤེས་ཤིག་ནས། བླ་མ་ཁོང་ལ་ལོ་ཤས་སྔོན་བོད་ནས་མཇལ་མྱོང་ཡོད་ལ། ཁོང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་སེམས་གཏིང་ནས་ལ་རྒྱ་ཅན་ཞིག་ཡིན་པས། རྒྱ་ནག་གཞུང་གིས་ཁོང་བཙན་ཁྲིད་ཀྱིས་རྩ་མེད་བཏང་བ་ཞིག་ཆགས་ཡོད་སྐོར། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་ ༨ ཙམ་འགྲོ་བཞིན་ཡོད་པ་རེད་ལ། སྔར་ལོའི་ཕྱི་ཟླ་ ༡༡ ཟླ་མགོ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་མང་ཁྲོད་གླེང་སློང་ཤུགས་ཆེ་བྱུང་བས། རྒྱ་ནག་གཞུང་གིས་དགོན་པ་ལུང་སྔོན་དགོན་དང་མི་མང་ལ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བཤད་མི་ཆོག་པ་དང་། ཁོང་གི་བཀའ་སློབ་ཀྱི་བརྙན་དང་སྒྲ་སོགས་བརྒྱུད་སྤེལ་བྱེད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་རེད་ལ། ཐེངས་འདིར་ཁོང་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་དང་བསྟུན། བོད་ནང་གི་བོད་མི་ཚོས་གདུང་སེམས་མྱ་ངན་གྱི་ཡིག་རིས་སྤེལ་བཞིན་པའི་ཁྲོད་དུ། ཕ་གའི་ཉག་ག་ཚུ་རིའི་སྡེ་མཐའ་ནས། རླུང་དམར་ཡང་ཡང་ལྡང་བའི་དུས་ཚོད་འདིར། ཁྱེད་སྐུ་གངས་རིའི་འོད་སྣང་ཉམས་པའི་གཏམ། ཡང་ཡང་བསམ་ན་ཕངས་སེམས་ང་ཚོར་ཆེ་དང་། ཡང་བོད་མི་ཞིག་ནས་ང་ཡི་གནམ་ན་ཉི་ཟླ་མེད་དམ་སྙམ། ང་ཡི་ཡ་ཁོག་སྙིང་དེ་ཤོར་རམ་སྙམ། མི་བཟོད་འཆི་མའི་ཕྲེང་ཐག་དབང་མེད་འཐོར། སྐྱོ་བའི་རླབས་ཀྱིས་སྙིང་ཡང་ཧྲིལ་ཧྲིལ་སྒུལ་དང་། གཞན་ཡང་བོད་མི་ཞིག་ནས་སྙིང་ལ་གྲི་ཡིས་བརྡབ་པའི་ན་ཟུག་དང་། ལུས་ལ་ཚོན་གྱིས་རྨས་པའི་སྡུག་བསྔལ། སྐད་ཆས་བརྗོད་པར་བྲལ་བའི་འདི་སྣང་། བསོད་ནམས་ཀྱིས་མ་ཆུམས་པའི་སེམས་དཔའ། ང་ཚོས་ཁོག་སྟོད་རྗེན་པའི་སྟེང་ལ། ལྕགས་ནག་གི་ཆར་བ་བབས་སོགས་ཡིད་གདུང་བ་ཆེན་པོས་ཡིག་རིགས་དང་པར་སོགས་སྤེལ་ནས་མྱ་ངན་དང་གདུང་སེམས་ཤུགས་ཆེར་ཞུ་བཞིན་པ་མཐོང་རྒྱུ་འདུག

མཆོག་སྤྲུལ་ཧཱུཾ་ཀར་རྡོ་རྗེའམ་རིག་འཛིན་ཧཱུཾ་ཀར་རྡོ་རྗེ། ༡༩༦༩ ལོར་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་སུ་ཡབ་སྙིགས་དུས་འགྲོ་བའི་འདྲེན་མཆོག་གཏེར་ཆེན་བླ་མ་རིན་པོ་ཆེ་༧པདྨ་གཏུམ་དྲག་རྡོ་རྗེ་མཆོག་དང་། ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ལུང་སྔོན་དགོན་པ་ནས་ཐུན་མིན་རིག་གནས་སྤྱི་དང་ཐུན་མིན་ནང་བསྟན་ཆོས་གཞུང་དག་ལ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༩ ནས་ ༡༩༩༤ བར་འབྲས་སྤུངས་དགོན་པར་སློབ་གཉེར་གནང་སྟེ་རབ་འབྱམས་མཁས་པའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༥ ནས་ ༡༩༩༧ བར་ཨ་རིར་རྒྱལ་སྤྱིའི་སྐད་ཡིག་སློབ་ཆེན་ནས་སློབ་སྦྱོང་གནང་། ཕྱི་ལོ་ ༢༠༠༢ ལོ་ནས་སྲིད་གཞུང་གི་ཆོག་མཆན་ལྟར་ལུང་སྔོན་དགོན་པའི་གདན་རབས་བཅུ་པར་མངའ་གསོལ་ཁྲི་འདོན་མཛད་ཅིང་། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་པེ་ཅིན་ནང་བསྟན་མཐོ་སློབ་ཀྱི་མཚན་ཉིད་རིག་པའི་སྡེ་ཚན་དུ་འཛམ་གླིང་ཆོས་ལུགས་ཀྱི་ཞིབ་འཇུག་ཐོག་ལ་སློབ་སྦྱོང་གནང་འདུག་ལ། ཁོང་ལ་དབུ་མའི་སྟོང་ཐུན་དང་ཕུན་སུམ་ཚོགས་པའི་མིའི་རང་བཞིན་ལེགས་པར་བཤད་པ། དཔར་སྐྲུན་ཟིན་པའི་དཔེ་དེབ་ཉི་ཤུ་ལྷག་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་སྟེང་ཡོད་འདུག

ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་ཚོགས་པ་བཙུགས་པ་དང་། ཕྱི་ལོ་ ༢༠༠༧ ལོ་ནས་ཁུལ་སྲིད་གཞུང་དང་སློབ་གསོ་ཅུའུ་ཡི་ཆོག་མཆན་ལྟར་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུཾ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་བཙུགས་ཏེ་ཞིང་འབྲོག་ཁུལ་གྱི་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་སློབ་མ་མང་པོར་རིན་མེད་ཐོག་གསོ་སྐྱོང་གནང་ཡོད་པ་སོགས། དགོན་པ་གྲྭ་ཚང་གཙོས་ཉེ་འཁོར་གྱི་རྒན་རྒོན་ལོ་ལོན་དང་དབུལ་བོ། ནད་པ་མང་པོར་ལོ་རེར་དངུལ་དང་ཟས་གོས་སྨན་སྦྱིན་སོགས་ཀྱི་རོགས་སྐྱོར་དང་། སྤྱི་ཚོགས་བདེ་འཇགས་དང་། ཁོར་ཡུག་སྲུང་སྐྱོབ། མི་རིགས་སློབ་གསོ་སོགས་ལ་འབད་བརྩོན་ཤུགས་ཆེར་མཛད་གནང་ཡོད་འདུག

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎