རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་དགོན་གྲོང་གཉིས་སུ་དགོངས་རྫོགས་མཆོད་འབུལ་མི་ཆོག་པ་སོགས་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག

རྒྱ་ནག་གཞུང་འབྲེལ་མགོ་ལོག་ཁུལ་དང་དགའ་བདེ་རྫོང་གི་ཉེན་རྟོག་པ་སོགས་མཉམ་འབྲེལ་ངང་དགོན་གྲོང་གཉིས་སུ་ཞིབ་བཤེར་དམ་དྲག་གིས་ལུང་སྔོན་དགོན་དུ་དགོངས་རྫོགས་མཆོད་འབུལ་མངོན་གསལ་དོད་པོས་བྱེད་བཅུག་གི་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ཁུངས་ལྡན་མི་སྣས་འགྲེལ་བརྗོད་གནང་བྱུང་།
དེ་ཡང་ཕྱི་ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་ཟིན་སྐོར་བཤད་པ་ནས་བཟུང་། རྒྱ་ནག་གཞུང་འབྲེལ་མགོ་ལོག་ཁུལ་དང་དགའ་བདེ་རྫོང་གི་ཉེན་རྟོག་པ་སོགས་མཉམ་འབྲེལ་ངང་དགོན་གྲོང་གཉིས་སུ་ཞིབ་བཤེར་དམ་དྲག་གིས་ལུང་སྔོན་དགོན་དུ་དགོངས་རྫོགས་མཆོད་འབུལ་མངོན་གསལ་དོད་པོས་བྱེད་བཅུག་གི་མེད་པ་མ་ཟད། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་དགོན་པའི་སློབ་གྲྭའི་ངོས་ནས་རིན་པོ་ཆེའི་སྐུ་པར་བཤམས་ནས་དགོངས་རྫོགས་མྱ་ངན་འདས་མཆོད་བྱེད་གྲབས་སྐབས། རྒྱ་ནག་གཞུང་འབྲེལ་མི་སྣ་ཡོང་སྟེ་པར་རིས་སོགས་ཐང་དུ་གཡུག་སྟེ། སྲིད་གཞུང་གི་ཆོག་མཆན་མེད་པར་ཆོས་ལུགས་བྱེད་སྒོ་སོགས་གང་ཡང་གཉེར་མི་ཆོག་པའི་བཙན་ཐབས་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གསུམ་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་བོད་ནང་ནས་ཐབས་ཤེས་འདྲ་མིན་བརྒྱུད་ཕྱིར་ཕ་ཡུལ་དུ་འབྲེལ་བ་བྱེད་ཐབས་བྱེད་བཞིན་པ་ལས། མི་མང་རེ་རེའི་རྒྱབ་ཏུ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་བསྡད་ཡོད་སྟབས། གནས་ཚུལ་ལེན་རྒྱུར་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་དགའ་བདེ་རྫོང་གིས་ས་གནས་ཀྱི་ཡུལ་ཚོ་དང་སྡེ་བའི་མགོ་ཁྲིད་ཚོར་བཀོད་ཁྱབ་བཏང་སྟེ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་དང་འབྲེལ་བའི་པར་རིས་དང་གནས་ཚུལ་རིགས་དྲ་ལམ་དུ་རྩ་ནས་བརྒྱུད་སྐུར་མི་ཆོག་པ་དང་། སྲིད་གཞུང་གིས་དང་ཐོག་ལུང་སྔོན་དགོན་ལ་དགོངས་རྫོགས་མཆོད་འབུལ་ཚོགས་ཆོག་སྐོར་བརྗོད་ཡོད་ན་ཡང་། མི་མང་འདུ་འཛོམས་ཤུགས་ཆེར་ཡོང་རྒྱུར་དོགས་ནས་གློ་བུར་དུ་བཀག་འགོག་དང་། དགོན་པའི་འབྲེལ་ཡོད་ཚོར་རྣམ་པ་མཚོན་ཐབས་ཙམ་གྱི་མཆོད་འབུལ་བྱེད་བཅུག་པའི་ཆོག་མཆན་ཙམ་སྤྲད་ཡོད་ན་ཡང་། དགོན་གྲོང་གཉིས་སུ་ཉེན་རྟོག་པས་ཉིན་མཚན་བྱས་ཏེ་སྐོར་སྲུང་བྱས་ཏེ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྤྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་ཝི་ཏི་ནམ་གྱི་སའི་གོན་(Saigon)གྲོང་ཁྱེར་དུ། རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་དང་ཝི་ཏི་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱི་ཉིན་ཤས་རྗེས། སྤྱི་ཟླ་ ༣ པའི་ཚེས་ ༢༨ ཉིན་གློ་བུར་དང་རྒྱུ་རྐྱེན་གསལ་བཤད་མེད་པར་སྐུ་གྲོངས་པའི་གནས་ཚུལ་རྒྱ་ནག་གཞུང་གིས་བརྡ་ལན་སྤྲད་ཡོད་པ་བཞིན། ཨ་མྱེ་རྨ་ཆེན་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་པའི་གནད་དོན་འདི་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་སྤྲུལ་སྐུའི་སྐུ་ཕུངས་ཆེད་རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་དྲུག་དང་། ལུང་སྔོན་དགོན་པའི་དགེ་འདུན་པ་ལྔ་བཅས་ཝི་ཏི་ནམ་དུ་འབྱོར་ཡོད་པ་བཞིན། དེ་རིང་ཕྱི་ཚེས་ ༩ ཉིན་ད་དུང་དགེ་འདུན་པ་ཚོར་སྤྲུལ་སྐུའི་སྐུ་ཕུང་ལ་ལྟ་བཅུག་མེད་པ་དང་། ང་ཚོས་ངོས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གནད་དོན་དེའི་བརྒྱུད་རིམ་གསལ་བཤད་དང་། བསྔོ་སྨོན་སོགས་ཀྱི་སྐྱབས་འཇུག་ཞུས་ཡོད་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྤྱི་ལོ་ ༡༩༦༩ ལོར་བོད་མདོ་སྨད་མགོ་ལོག་གི་དགའ་བདེ་རྫོང་དུ་འཁྲུངས་པའི་མཆོག་སྤྲུལ་རིན་པོ་ཆེ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི། སྒྱུ་རྩལ་དང་རྩོམ་རིག ཆོས་ལུགས། སྐད་ཡིག་སོགས་ལ་མཁྱེན་རྒྱ་ཡངས་ཤིང་གསུང་རྩོམ་པོད་ཉི་ཤུ་ལྷག་ཡོད་པའི་མཁས་པ་ཆེན་པོ་ཞིག་ཡིན་པ་མ་ཟད། དཔེ་མཛོད་ཁང་དང་སྨན་ཁང་། སློབ་གྲྭ དགོན་སྡེ་གྲྭ་ཚང་བཅས་བདག་སྐྱོང་གསར་འཛུགས་གནང་སྟེ་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་དང་། དུས་འཁོར་དབང་ཆེན་ལན་མང་གནང་སྟེ་སློབ་མ་ཁྲི་ཕྲག་དུ་མ་ཡོད་པའི་བོད་ནང་ཤུགས་རྐྱེན་ཧ་ཅང་ཆེན་པོ་དང་། བོད་མིའི་བདེ་སྡུག་དང་བོད་ཀྱི་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནམ་རྒྱུན་སྐུ་ལས་མངོན་གསལ་དོད་པོས་བསྐྱོན་མཁན་གྱི་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཆགས་ཡོད་པ་རེད། ཐེངས་འདིར་ཁོང་གློ་བུར་འདས་གྲོངས་སུ་ཕྱིན་པའི་གནད་དོན་དང་འབྲེལ། བོད་མི་སྒྲིག་འཛུགས་དང་མདོ་སྨད་དབུས་རྒྱུན་གཙོས་འབྲེལ་ཡོད་མང་དག་ཅིག་ནས་རྒྱ་ནག་གཞུང་དང་ཝི་ཏི་ནམ་གཞུང་གིས་འགན་ཁུར་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་དང་ཝི་ཏི་ནམ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་། གཞུང་དེ་གཉིས་ཀར་འགན་ཡོད་པས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འཛིན་བཟུང་དང་རྐྱེན་འདས་ཀྱི་སྔ་ཕྱིའི་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་རེད། །
གསར་འགོད་པ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།