སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པར། མགོན་པོ་མཆོག་ནས་ཐུགས་སྨོན་མཛད་འདུག

2025.04.09
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པར། མགོན་པོ་མཆོག་ནས་ཐུགས་སྨོན་མཛད་འདུག ༸གོང་ས་མཆོག་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་སྐུ་པར་ལ་གཟིགས་བཞིན་ཐུགས་སྨོན་མཛད་བཞིན་པ། ༢༠༢༥།༠༤།༠༩
OHHDL

བོད་མདོ་སྨད་མགོ་ལོག་གི་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པའི་གནས་ཚུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པར། མགོན་པོ་མཆོག་གིས་ཐུགས་ཕམ་དང་སྦྲགས་ཐུགས་སྨོན་མཛད་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༩ རེས་གཟའ་ལྷག་པའི་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མི་གཙོས་ཁེ་ན་ཊ། ཝི་ཊི་ནམ། ཨུ་རུ་སུ་སོགས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༣༢༠ ལྷག་ལ་མཇལ་ཁ་སྩལ་གནང་བའི་ཁྲོད། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས། ཉེ་ལམ་བོད་མདོ་སྨད་མགོ་ལོག་གི་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཟླ་བ་བརྒྱད་ཙམ་གར་སོང་ཆ་མེད་དུ་འགྱུར་རྗེས། སྐུ་བཀྲོངས་པའི་གནས་ཚུལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་འདུག

_SA10944.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇུ་བསྟན་སྐྱོང་ལགས་སུ་མཇལ་ཁ་སྩལ་བཞིན་པ།

འཇུ་བསྟན་སྐྱོང་ལགས་ནི་དེ་འབྲེལ་གནས་ཚུལ་མཁོ་སྒྲུབ་གནང་མཁན་གཙོ་བོ་ཞིག་ཡིན་ཞིང་། ཁོང་གིས། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐོར་ཁ་སང་བར་དུ་གནས་ཚུལ་གང་རག་པ་སྙན་སེང་དང་། རིན་པོ་ཆེའི་དགོངས་པ་ཇི་ཡོད། ཞིང་གཤེགས་ཁོང་གི་ཆེད་ཐུགས་སྨོན་སྐྱབས་འཇུག་ཞུ་ཆེད། ང་ཚོས་༸སྐྱབས་མགོན་རིན་པོ་ཆེའི་མཇལ་ཁ་ཞུས་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་ཁོང་གིས་མུ་མཐུད། ཁ་སང་གསར་འགོད་གསལ་བསྒྲགས་གནང་རྗེས་གནས་ཚུལ་གསར་པ་དམིགས་བསལ་གང་ཡང་མེད་ཀྱང་། ད་ལྟའང་ནང་མི་སྤུན་མཆེད་རྣམས་ལ་སྐུ་ཕུང་མཇལ་ཁ་སྤྲད་མེད་པ་གསལ་པོ་གསལ་ཀྱང་རེད། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་གནས་ཚུལ་དང་། དེ་བཞིན་བོད་ནང་གི་གནས་སྟངས་ཐད་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་དྲང་བདེན་ཞིག་ཡོང་གི་རེད་བསམ་པའི་ཡིད་ཆེས་རྩ་བ་ནས་མེད་ཀྱང་། རིན་པོ་ཆེ་དགོངས་པ་རྫོགས་སྟངས་འདི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཞིག་ཡིན་པ་ཁ་གསལ་ཡིན་པ་མ་ཟད། ཝི་ཏི་ནམ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་སྟབས། ཝི་ཏི་ནམ་གཞུང་ལ་འགན་ཡོད་ལ། དེ་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཞུ་གཏུག་བརྒྱུད་ཝི་ཏི་ནམ་གཞུང་ནས་དྲང་བདེན་གྱི་ཐག་གཅོད་ཡོང་ཐབས་རེ་བ་ཕྲན་བུ་ཡོད་ལ། དེ་དོན་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་པ་གསུངས་བྱུང་།

དེ་མིན་མཇལ་ཁ་གྲུབ་མཚམས་སུ་མཇལ་བཅར་བ་གཞན་རྣམས་ལ་མགོན་པོ་མཆོག་མཇལ་བའི་ཚོར་བ་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། ཨུ་རུ་སུའི་ཀལ་མའེ་ཀི་ཡ་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པས་ཇི་ལི་ཡན་ཨུ་བུ་ཤེ་བ་(Gilian Ubushaeva) བོད་མིང་དུ་བསྟན་འཛིན་རིག་བཟང་ལགས་ཀྱིས་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་ནི་རྨི་ལམ་དངོས་བྱུང་ལྟ་བུ་བྱུང་ཡོད་སྐོར་གསུངས་སོང་། རྩ་བའི་ང་ད་ལྟའི་ཆར་ལྡི་ལི་བོད་ཁང་བརྒྱུད་ནཱ་ལེནྡྲ་ནང་པའི་ཆོས་བརྒྱུད་སྐོར་ར་ཤི་ཡའི་སྐད་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་བྱུང་བས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མཇལ་བཅར་བའི་ཁྲོད་ཨུ་རུ་སུ་ནས་ཡིན་པ་ཨན་དརེ་མར་ཁ་ནོབ་ (Andrey Markhanov) ལགས་ཀྱིས། ངས་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་གོ་སྐབས་རིན་ཐང་ཅན་ཞིག་བྱུང་བས། སེམས་ཞི་ཞིང་དུལ་བ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཆུང་བྱིས་པའི་དུས་ནས་ཁོང་ལ་དད་པ་ཆེན་པོ་ཡོད་ལ་ང་ཚོ་ཚང་མས་དུས་རྟག་ཏུ་ཁོང་གི་བྱིན་རླབས་དང་བྱམས་བརྩེའི་འོག་གནས་པའི་ཡིད་ཆེས་ཡོད།

གཞན་ཡང་བལ་ཡུལ་ནས་ཕེབས་པའི་གུང་ལོ་ ༨༨ ཡིན་པ་སྒྲོལ་མ་ལགས་ཀྱིས། དེ་སྔ་རྡོ་རྗེ་གདན་དུ་གནས་སྐོར་སྐབས་རྒྱང་མཇལ་ཐེངས་ཁ་ཤས་བྱུང་ཡང་། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་སྐལ་བ་བཟང་པོ་བྱུང་བས་སེམས་ཧ་ཅང་སྐྱིད་པོ་བྱུང་། ད་ཤི་ནའང་འགྱོད་པ་མེད་པ་གསུངས་སོང་།

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་རེར་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་སུ་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་པར་མཇལ་ཁ་སྩལ་གྱི་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎