བོད་ནག་ཆུ་གྲོང་དུ་གནམ་ཐང་གསར་རྒྱག་གི་ལས་གཞི་།
2011.12.27
༄༅༎རྒྱ་ནག་གཞུང་གིས་ལོ་རྗེས་མར་བོད་ཀྱི་ནག་ཆུ་གྲོང་དུ་གནམ་ཐང་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱེད་རྒྱུ་ཡིན་འདུག་ཅིང་ འདི་ནི་འཛམ་གླིང་ནང་གི་ས་མཐོ་ཤོས་ཀྱི་གནམ་ཐང་ཞིག་ཆགས་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ཞིག་པེ་ཅིང་ནས་རོཡེ་ཀྲརསི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
ནག་ཆུའི་གནམ་ཐང་དེ་ད་ཡོད་བོད་ནང་གི་གནམ་ཐང་མཐོ་ཤོས་དེ་ལས་མི་ཊར་བརྒྱ་ཙམ་གྱི་མཐོ་བ་ཆགས་རྒྱུ་ཡིན་པ་བརྗོད་འདུག་ཅིང༌། ད་ལྟའི་སྐབས་ཆབ་མདོའི་གནམ་ཐང་དེ་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༤༣༣༤ ཐོག་ཆགས་ཡོད་པ་དང་ ནག་ཆུའི་གནམ་ཐང་དེ་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༤༤༣༦ གི་ས་སྒང་དུ་ཆགས་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། འོན་ཀྱང་གནམ་ཐང་གི་ལས་གཞི་མཇུག་བསྒྲིལ་ག་དུས་བྱེད་མིན་དང༌། གནམ་གྲུ་འཕུར་བསྐྱོད་ག་དུས་བྱེད་མིན་ དེ་བཞིན་འགྲོ་གྲོན་ག་ཚོད་འགྲོ་མིན་སོགས་ཤིན་ཧྭ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གང་ཡང་བཀོད་མེད་པ་རེད།
བོད་ནང་འགྲིམ་གྲུལ་གནམ་གྲུའི་བབས་ཐང་ལྔ་ཙམ་ཡོད་ན་ཡང་ བོད་ཀྱི་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་གནམ་ཐང་འགའ་ཤས་ལོ་གཅིག་གི་ནང་ཟླ་བ་འགའ་ཤས་མ་གཏོགས་བེད་སྤྱེད་བྱེད་ཐུབ་ཀྱི་མེད་པ་རེད། འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གྱི་དཔལ་འབྱོར་གྱི་ལས་གཞི་རྒྱ་སྐྱེད་བྱེད་ཆེད་གཙོ་བོར་དམིགས་ཏེ་ བོད་ནང་གི་གནམ་ཐང་ཉམས་གསོ་བྱེད་རྒྱུའི་ཆེད་ཌོ་ལར་ཐེར་འབུམ་འགའ་ཤས་འགྲོ་སོང་བཏང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མིའི་བློ་འགུག་ཐབས་ཆེད་ཌོ་ལར་ཐེར་འབུམ་མང་པོའི་འགྲོ་སོང་བཏང་པ་དང་ སྤྱི་ཚོགས་ཀྱི་འཚོ་བའི་གནས་ཚད་ཡར་རྒྱས་ཕྱིན་ཚེ་བོད་མི་ཚོས་རྒྱ་ནག་གཞུང་ལ་མི་དགའ་བའི་འཁོན་འཛིན་མེད་པ་ཆགས་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།