ཨ་མི་རི་ཀའི་ནང་གི་རྒྱ་ནག་གི་ཏར་འཕྲིན་ཁེ་ལས་ཁང་ཁག་ལ་ཨ་རིས་དོགས་ཟོན།
2020.04.10
རྒྱ་ནག་གི་ཏར་འཕྲིན་ཨ་མི་རི་ཀའི་ནང་བཀོལ་སྤྱོད་ཕྱིར་འཐེན་བྱེད་དུ་འཇུག་རྒྱུར་ཨ་རིའི་ལས་ཁུངས་ཚན་པ་ཁག་གིས་རྒྱབ་སྐྱོར་བྱེད་བཞིན་པ་རེད།
རོས་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཁྲིམས་འཛིན་དང་དེ་མིན་གྱི་དབུས་གཞུང་གི་ལས་ཁང་ཁག་གིས་ཨ་རིའི་ཏར་འཕྲིན་དང་ཡིག་འགྲུལ་སོགས་ཀྱི་འབྲེལ་ལམ་ཁྲོད་རྒྱ་ནག་གི་ཏར་འཕྲིན་ཨ་རིའི་ནང་ལས་གཉེར་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། ཨ་རིའི་ནང་ཏར་འཕྲིན་གྱི་ལས་གཉེར་བྱེད་མཁན་རྒྱ་ནག་གི་ཏར་འཕྲིན་ཚོང་གཉེར་ཁང་དེ་བཞིན་རྒྱ་ནག་གཞུང་གཉེར་ཏར་འཕྲིན་ཚོང་གཉེར་ལས་ཁང་གི་ཡན་ལག་ཞིག་ཡིན་པ་དང་། ན་ནིང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་ཏར་འཕྲིན་དང་འབྲེལ་བའི་རྒྱ་ནག་གི་ཚོང་གཉེར་ཁང་གཉིས་ཀྱིས་ཨ་རིའི་ནང་ལས་གཉེར་སྐོར་ཞིབ་འཇུག་བྱ་རྒྱུའི་དགོས་འདུན་བཏོན་ཡོད་པ་དང་། རྒྱ་ནག་གི་ཏར་འཕྲིན་ཚོང་གཉེར་ཁང་ཡིའི་ཏུང་ཟེར་བ་ཨ་རིའི་ནང་ལས་གཉེར་བྱ་འཇུག་མིན་ཐད་ཨ་རིའི་དབུས་ཏར་འཕྲིན་ལས་ཁང་གི་འབྲེལ་ཡོད་མི་སྣ་ཚོས་འོས་ཤོག་བླུགས་ནས་རྒྱ་ནག་གི་ཏར་འཕྲིན་ལས་ཁང་ཡིའི་ཏུང་ཟེར་བ་ཨ་རིའི་ནང་ལས་གཉེར་བྱ་རྒྱུར་མཆོག་ཆན་སྤྲད་མེད་ཅིང་། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཏར་འཕྲིན་ལས་ཁང་དེ་བརྒྱུད་ནས་ཨ་རིའི་ནང་གསང་བའི་ལས་གཉེར་བྱ་སྲིད་པའི་དོགས་གཞི་ཡོད་པ་བརྗོད་ཡོད་པ་རེད།
ཨ་རིའི་འབྲེལ་ཡོད་ལས་ཁང་ཁག་གིས་རྒྱ་ནག་གི་ཏར་འཕྲིན་དྲ་གནས་དང་ཚོང་དོན་ཁང་ཨ་རིའི་ནང་ལས་གཉེར་བྱ་རྒྱུར་བརྟག་དཔྱད་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པ་དང་། ཨ་རིའི་དབུས་ཏར་འཕྲིན་དང་ཡིག་འགྲུལ་ལས་ཁང་གིས་མགྲིན་ཚབ་པ་ཞིག་གིས། ང་ཚོས་རྒྱ་ནག་གི་ཏར་འཕྲིན་ལས་ཁང་གིས་ཨ་རིའི་ནང་ལས་གཉེར་བྱེད་ཕྱོགས་ཀྱི་གནད་དོན་ཐད་ཞིབ་འཇུག་བྱེད་མུས་ཡིན་ཅེས་དང་། ཨ་རིའི་རྒྱལ་སྲུང་ལས་ཁང་དང་། སྲུང་སྐྱོབས་ལས་ཁང་། ཚོང་དོན་ལས་ཁང་དེ་བཞིན་མངའ་སྡེ་ཁག་གི་འབྲེལ་ཡོད་ལས་ཁང་ཁག་གིས། རྒྱ་ནག་གི་ཏར་འཕྲིན་ལས་ཁང་ཁག་དང་མཉམ་ལས་བྱེད་པའི་སྐབས་ཨ་རིའི་བདེ་འཇགས་དང་ཁྲིམས་འཛིན་ལ་ཉེན་ཚབས་ཀྱི་གནད་དོན་ཡོད་ཚེ་ཚོང་འབྲེལ་བྱེད་རྒྱུ་མེད་པའི་བསམ་འཆར་བཏོན་ཡོད་པ་གསུངས་ཡོད་འདུག