རྒྱ་ནག་གཞུང་གིས་བླ་སྤྲུལ་ངོས་འཛིན་ཐད་ཐེ་ཇུས་ཆེ་རུ་བཏང་བ།
2016.04.15
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བའི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ལ་སྟངས་འཛིན་གྱི་ཐེ་ཇུས་ཆེ་རུ་གཏོང་བཞིན་ཡོད་པ།
བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ལ་དོ་དམ་དང་། སྟངས་འཛིན་ཆེད། ཉེ་སྔོན་རྒྱ་ནག་གཞུང་ནས་དྲ་ལམ་ཐོག་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་བླ་སྤྲུལ་གྱི་མིང་གཞུང་ཐོ་བཀོད་ཀྱི་ལས་གཞི་འགོ་འཛུགས་བྱས་ཡོད་པ་རེད། ལས་གཞི་འདི་བཞིན་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་གྱི་ཚོགས་གཙོ་ཟུར་པ་དང་། རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ནང་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་གི་ཚོགས་གཙོ་Zhu Weiqun་གིས་འགོ་འཛུགས་བྱས་པ་ཞིག་ཡིན་པ་རེད།
ཉེ་སྔོན་ཕྱི་ཟླ་༣་པའི་ནང་། Zhu Weiqun་ནས་བོད་ཀྱི་བླ་སྤྲུལ་གྱི་གོ་གནས་ཚོང་འགྲེམས་བྱས་པའི་སྐྱོན་འཛུགས་འོག་ཁོ་པ་དོ་དམ་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཚེས་༡༣ཉིན། Global Times་ཞེས་པའི་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གསར་ཤོག་ནང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་སྐོར་Zhou Quan་ཟེར་བས་དཔྱད་གཏམ་ཞིག་སྤེལ་བའི་ནང་། བོད་ཀྱི་བླ་སྤྲུལ་ཚོས་ཞི་བའི་ལས་དོན་ལ་ཕན་རླབས་ཀྱི་ནུས་པ་ཆེན་པོ་འགྲུབ་ཐུབ་རྒྱུ་ཡོད་ཀྱང་བེད་སྤྱོད་ལོག་པ་བཏང་ཚེ་གནོད་སྐྱོན་གྱི་ནུས་པ་ཤིན་ཏུ་ཡོད་པའི་སྐོར་དཔྱད་རྩོམ་སྤེལ་འདུག
Zhou Quan་ཟེར་བའི་དཔྱད་རྩོམ་ནང་། ཏཱ་ལའི་བླ་མས་ངོས་འཛིན་བྱས་པའི་བོད་ཀྱི་བླ་སྤྲུལ་ཁག་གཅིག་ནས་བོད་རང་བཙན་འཐབ་རྩོད་ཆེད། བོད་ནང་རང་ལུས་མེར་བསྲེགས་དང་དྲག་ཟིང་གི་ལས་འགུལ་སྐུལ་སྤེལ་བྱེད་ཀྱི་ཡོད་ལུགས་བརྗོད་འདུག
རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས། བོད་ནང་རང་ལུས་མེར་བསྲེགས་བཏོང་མཁན་མང་པོ་ཞིག་བོད་ཀྱི་མདོ་སྨད་ཀིརྟི་དགོན་པའི་དགེ་འདུན་པ་ཡིན་པ་དང་། རང་བསྲེགས་ཀྱི་ལས་འགུལ་དེ་དག་རྒྱ་གར་ནང་རྟེན་གཞི་བྱེད་པའི་ཀིརྟི་དགོན་པའི་བཀོད་ཇུས་འོག་ཡིན་པ་དེ་རྒྱ་ནག་གཞུང་གིས་ཞིབ་འཇུག་བརྒྱུད་ར་སྤྲོད་བྱུང་ཡོད་ལུགས་སོགས་བརྗོད་འདུག
རྒྱ་རིགས་དཔྱད་རྩོམ་པ་Zhou Quan་ཟེར་བས་བརྗོད་ན། རྒྱ་ནག་དབུས་གཞུང་ནས་ བོད་ཀྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ལ་དེ་སྔ་དེ་ཙམ་ཐེ་ཇུས་བྱེད་ཀྱི་མེད་ཀྱང་ ༡༩༨༩་ལོར་པན་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྗོགས་པའི་རྗེས་ཐེ་ཇུས་བྱེད་དབང་ཆེ་རུ་བཏང་ཡོད་པ་གསལ་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།