རྒྱ་ནག་གིས་གསང་མྱུལ་བའི་གནས་ཚུལ་ཡར་ཞུ་བྱེད་སའི་དྲ་རྒྱ་སྒོ་ཕྱེ་འདུག
2018.04.16
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསང་མྱུལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་ཡུལ་དྲ་རྒྱ་གསར་བ་ཞིག་ཆེད་དུ་སྒོ་འབྱེད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསང་མྱུལ་བའི་བྱེད་ལས་རིགས་འགོག་ཆེད་ཚོགས་པ་སྒྲིག་འཛུགས་དང་མི་སྣ་ཡར་ཞུ་བྱེད་སའི་དམིགས་བསལ་དྲ་ཚིགས་ཤིག་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀའི་ཐོག་སྒོ་ཕྱེ་ཡོད་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞི་མེད་པར་གཏོང་བའི་མཚོན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་རིགས་སྔོན་འགོག་བྱེད་ཆེད་ཡིན་ལུགས་འགྲེལ་བརྗོད་བྱས་འདུག་ལ། རྒྱ་ནག་གི་རྒྱལ་ཁབ་གསང་བའི་ལས་ཁུངས་ཀྱིས་གཟའ་ཉི་མར་རྒྱ་ནག་གི་མི་སེར་དང་ཕྱི་རྒྱལ་བ་སུ་རུང་གིས་སྲིད་གཞུང་དང་དམག་དཔུང་གི་འགོ་ཁྲིད་བཅས་ཀྱི་ཁྲོད་ལྐོག་ཏུ་རྒྱལ་ཁབ་ཀྱི་གསང་བ་ཉོ་ཚོང་བྱེད་པ་དང་། དྲག་པོའི་ཟིང་འཁྲུག་སློང་བ། གྲངས་ཉུང་མི་རིགས་ཁ་བྲལ་ལ་ངན་སྐུལ་བྱེད་པ་སོགས་ཀྱི་གནས་ཚུལ་གཞུང་ལ་མཁོ་སྤྲོད་བྱེད་དགོས་པའི་སྐུལ་འདེད་བྱས་ཡོད་པ་མ་ཟད། པེ་ཅིན་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་གྱི་གནས་ཚུལ་ལ་སོགས་པ་གཞུང་ལ་མཁོ་སྤྲོད་བྱེད་མཁན་རིགས་ལ་རྒྱ་ནག་གི་སྒོར་མོ་ཁྲི་གཅིག་ནས་འབུམ་ལྔ་ཡི་བར་སྤྲོད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་འདུག
ལས་དོན་འདི་ནི་རྒྱ་ནག་རྒྱལ་ཡོངས་ནང་ཤུགས་ཆེ་སྤེལ་ཐབས་བྱེད་བཞིན་ཡོད་ཅིང་། གཟའ་འཁོར་འགའ་ཤས་སྔོན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བོད་ཀྱི་ནག་ཆུ་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་བའིོ་ཡིག་ཆ་ཞིག་ལག་ཐོབ་བྱུང་བ་དེའི་ནང་ཡང་། སྤྱི་ཚོགས་ནང་ཟིང་སློང་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་། ཏཱ་ལའི་རུ་ཚོགས་སོགས་ཕྱི་ཕྱོགས་སྒྲིག་འཛུགས་སོགས་དང་འབྲེལ་བ་བྱེད་མཁན། སྐད་འཕྲིན་སོགས་ནང་གནས་ཚུལ་རྫུན་མ་སྤེལ་མཁན་ལ་སོགས་པ་མི་སྣ་རྩིས་སྤྲོད་བྱེད་ཚེ་དངུལ་གྱི་བྱ་དགའ་ཆེན་པོ་སྤྲོད་རྒྱུ་བརྗོད་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་ལས་དོན་འདི་རིགས་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་ཡང་སྤེལ་བཞིན་ཡོད་པ་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
གཞན་ཡང་ཕྱི་རྒྱལ་བ་ཚོས་རྒྱ་ནག་ནང་མི་སུ་རུང་དང་ཐུག་འཕྲད་ཀྱིས་རྒྱ་ནག་གི་སྲིད་དབང་ལ་ཉེན་ཁ་བཟོ་བའི་བྱ་སྤྱོད་རིགས་སྤེལ་བ་འམ་ཡང་ན་བྱ་སྤྱོད་དེ་རིགས་སྤེལ་བའི་དོགས་པ་ཡོད་མཁན་བཅས་ཀྱང་གཞུང་ལ་བརྡ་ལན་སྤྲོད་གཞིའི་གྲས་སུ་ཡོད་ལུགས་གསལ་འདོན་བྱས་ཡོད་འདུག།
གསར་འགོད་པ་རྡོ་རྗེ་མཚོ།