རྒྱ་ནག་གཞུང་གིས་ཝ་མོ་རྔོན་པ་ཞེས་ཕྱི་སྡོད་གནད་ཡོད་མི་སྣ་རྒྱ་ནག་ཏུ་ཕྱིར་ལོག་ཐབས་དང་འགུག་ཐབས་བྱེད་བཞིན་འདུག
དེ་ཡང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་གི་(Brooklyn)་ས་གནས་ཁྲིམས་ཁང་གིས་ཁུལ་དེའི་ཉེན་རྟོག་པ་ཟུར་པ་(Michael McMahon)་དང་། གཞན་རྒྱ་མི་གཉིས་ཀྱིས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱི་ཐོག་ནས། ནིའུ་ཇར་སིའི་གྲོང་ཁྱེར་ནང་གནས་སྡོད་བྱེད་མཁན་རྒྱ་རིགས་(Xu Jin)་དང་། ཁོང་གི་བཟའ་ཟླ་(Liu Fang)་གཉིས་ཕྱིར་རྒྱ་ནག་ཏུ་ལོག་ཡོང་ཐབས་སུ་རྣམ་པ་འདྲ་མིན་གྱི་ཐོག་ནས་འགུག་ཐབས་དང་གནོན་ཤུགས་སྤྲད་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གི་(Operation Fox Hunt)་ཞེས་མཉམ་དུ་ཝ་མོ་རྔོན་ཞེས་དགོས་ངེས་ཅན་གྱི་མི་སྣ་འཚོལ་ཞིབ་བྱེད་རྒྱུའི་ལས་འགུལ་གི་འཆར་གཞི་ཡིན་པ་དང་། དེ་ནི་གཙོ་བོ་ཕྱི་ཕྱོགས་སུ་གནས་སྡོད་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་། ཡང་ན་རྒྱ་ནག་ནང་ནག་ཉེས་ཕོག་པའི་མི་སྣ་འཚོལ་ཞིབ་དང་འབྲེལ་རྒྱ་ནག་ལ་ཕྱིར་ལོག་ཡོང་ཐབས་ཀྱི་ལམ་ནས་ཉེས་ཆད་འགེལ་རྒྱུའི་སྲིད་བྱུས་ཞིག་ཡིན་པ་གནས་ཚུལ་སྤེལ་འདུག་ལ། ཨ་རིའི་ས་གནས་ཁྲིམས་ཁང་ནས་ཉེན་རྟོག་པ་ཟུར་པ་དེ་དང་གཞན་རྒྱ་རིགས་དེ་གཉིས་བཅས་ལ་ནག་ཉེས་ཡོད་པ་ར་འཕྲོད་གནང་ཡོད་འདུག
གོང་དུ་ཞུས་པའི་བཟའ་འཚོ་གཉིས་ཀྱི་ཕ་ལོ་ན་༨༣ཡིན་པ་ཁོང་ཕྱི་ལོ་༢༠༡༧ལོར་རྒྱ་ནག་གིས་ཨ་རིར་ཆེད་མངགས་བཏང་ཏེ་ཁོང་གི་བུ་ཕྱིར་རྒྱ་ནག་ཏི་ཁྲིད་ཡོང་ཐབས་བྱེད་བཅུག་ཡོད་འདུག་པ་མ་ཟད། ཕ་དེས་ཀྱང་བུར་རྒྱ་ནག་ལ་ལོག་དགོས་བའི་ཨུ་ཚུགས་ལུགས་ཨུ་ཚུགས་རྒྱབ་པ་བཅས་ཁོང་གཉིས་དང་ནང་མི་ཉེ་འབྲེལ་ཚོར་རྒྱུན་རིང་པོ་ཞིག་ལ་བསུན་གཙེར་དང་སྡིགས་ར་སྐུལ་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་ལུགས་ཁྲིམས་ཁང་ནང་ཞུ་གཏུགས་སྐབས་འགྲེལ་བརྗོད་བྱས་ཡོད་འདུག
ས་གནས་ཁྲིམས་ཁང་གིས་ཁྲིམས་བཤེར་སྐབས་ཁྲིམས་རྩོད་པ་(Meredith Arfa)་ ཡིས། གནད་དོན་འདི་ནི་རྒྱ་ནག་གཞུང་གིས་ཁོང་གཉིས་རྒྱ་ནག་ལ་ཕྱིར་ལོག་རྒྱུར་ཡུན་རིང་བསུན་གཙེར་དང་སྡིགས་ར་སྐུལ་བའི་ངན་བྱུས་ཞིག་རེད་ཅེས་རྩོད་ལེན་བྱས་ཡོད་པ་(The Washington Post)་གསར་ཁང་གིས་ལུང་འདྲེན་བྱས་འདུག
རྒྱ་ནག་གཞུང་གིས་དེ་སྔ་གོང་བརྗོད་རྒྱ་མི་(Xu Jin)་རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་སྐབས་ཨ་སྒོར་ས་ཡ་༣༠ཙམ་རྐུ་འཁྱེར་བྱས་ཡོད་ལུགས་ཀྱི་ཉེས་འཛུགས་བྱས་མྱོང་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།