ཨོ་སྦ་མ་དང་༸གོང་ས་མཆོག་གི་མཇལ་འཕྲད་ལ་སྐྱོན་བརྗོད།
2011.07.17
༄༅༎རེས་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་ཕོ་བྲང་དཀར་པོའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ་དེར་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་ཕྱོགས་ནས་ཨ་མི་རི་ཀས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱས་པ་དང༌། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ལ་གནོད་འཚེ་བཟོས་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་ཨ་རིའི་རྒྱལ་སའི་ནང་དུ་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་ཆེད་དུ་དཔལ་དུས་ཀྱི་བཀའ་དབང་སྩལ་དུ་ཆིབས་བསྒྱུར་བསྐྱང་གནང་བ་བཞིན། དེའི་སྔོན་ནས་རྒྱ་ནག་གཞུང་གིས་སྲིད་འཛིན་ཨོ་སྦ་མ་ཡིས་༧གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པ་མ་ཟད། གལ་སྲིད་མཇལ་འཕྲད་གནང་ན་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ལ་གནོད་འཚེ་བཟོ་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་དང༌། རེས་གཟའ་སྤེན་པའི་ཉིན་གུང་རྒྱབ་ཏུ་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་༧གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་སྐར་མ་༤༥ རིང་མཇལ་འཕྲད་གྲུབ་ནས་ཚོུད་འགའ་ཤས་ཕྱིན་པའི་རྗེས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྐྱོན་བརྗོད་ཀྱི་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་མི་རི་ཀས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱས་པ་ཞིག་དང༌། རྒྱ་ནག་མི་དམངས་ཀྱི་སེམས་ཚོར་ལ་གནོད་འཚེ་བཟོས་པ། རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ལ་གནོད་འཚེ་བཟོས་པ་རེད། དེར་བརྟེན་རྒྱ་ནག་གི་ཕྱོགས་ནས། ཨ་མི་རི་ཀས་རྒྱ་ནག་གི་ལངས་ཕྱོགས་ཐོག་ལ་རྣོ་བསམ་ངེས་པར་དུ་གཏོང་དགོས་པ་དང༌། འཕྲལ་མ་ཉིད་དུ་འགོག་རྐྱེན་མཐའ་དག་མེད་པ་བཟོ་བའི་བྱ་ཐབས་ལག་བསྟར་བྱ་དགོས་པ། རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ། བོད་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བཤད་ཡོད་པ་རེད། ད་རེས་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་བའི་དུས་ཚོད་དེ་ནི། ཨ་རིའི་ཕྱི་་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཧྲེན་ཀྲེན་དུ་འཚམས་འདྲིར་ཕེབས་པར་ཉིན་གྲངས་༡༠ ཙམ་ལས་མེད་པའི་སྐབས་དང༌། དེ་བཞིན་དུ་རིང་མིན་ཨ་མི་རི་ཀའི་སྲིད་འཛིན་སྐུ་གཞོན་སྐུ་ཞབས་ཇོ་སེཕ་སྦའེ་ཌེན་ཡང་རྒྱ་ནག་དུ་འཚམས་འདྲིར་ཕེབས་རྒྱུའི་སྐབས་དེར་བྱུང་བ་ཡིན་པ་རེད།