རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ལྦེ་ལྦེའི་སྐོར།
2011.04.12
༄༅༎རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་དེ་ཚུགས་པའི་སྐབས་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཉེ་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་སྒྱུ་རྩལ་པ་གྲགས་ཅན་ཨེ་ལྦེ་ལྦེ་གར་ཡོད་སྐོར་གང་ཡང་གསལ་བཤད་བྱས་མེད་པར་མ་ཟད་ ད་དུང་རྒྱ་ནག་གཞུང་གིས་ཨེ་ལྦེ་ལྦེ་ནི་ཁྲིམས་འགལ་ནག་ཉེས་ཕོག་སྲིད་པའི་མི་སྣ་ཞིག་ཡིན་པ་བརྗོད་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་གིས་མི་སྣ་དེ་འདྲ་བ་ཞིག་ལ་རྒྱབ་སྐྱོར་བྱས་པར་སྐྱོན་བརྗོད་ཀྱང་ཤུགས་ཆེ་བྱས་འདུག།
ཨེ་ལྦེ་ལྦེ་ཕྱི་ཟླ་༤པའི་ཚེས་༣ཉིན་པེ་ཅིང་ནས་ཧོང་ཀོང་དུ་གནམ་ཐོག་ཐོན་གྲབས་བྱས་པའི་སྐབས་གནམ་ཐང་ནས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་ རྒྱ་ནག་གཞུང་གིས་ཁོང་གི་ཐོག་དཔལ་འབྱོར་གྱི་ནག་ཉེས་ཡོད་སྲིད་པ་བརྗོད་བཞིན་ཡོད་པ་དང་ ཁོང་གི་ནང་མི་ཚོས་ཨེ་ལྦེ་ལྦེ་གར་ཡོད་སྐོར་ད་དུང་ཡང་གང་ཡང་ཤེས་རྟོགས་མེད་པ་རེད།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེས་སྤྱི་བདེ་མི་སྣས་ཨེ་ལྦེ་ལྦེའི་གནད་དོན་ཐད་ཞིབ་འཇུག་བྱེད་མུས་ཡིན་པ་ལས་ དེ་མིན་ངས་གནས་ཚུལ་གང་ཡང་ཤེས་རྟོགས་མེད་ཅེས་དང་ ད་དུང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དེས་ མི་སུ་ཞིག་ཀྱང་ཁྲིམས་ཀྱི་གོང་ན་མེད་ལ་ མི་སུ་འདྲ་ཞིག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ན་དེར་ཁྲིམས་བཅད་ཕོག་རྒྱུ་ངེས་པ་རེད་ཅེས་བརྗོད་པ་དང་ཆབས་ཅིག་ ཧོང་ལེས་ ཕྱི་རྒྱལ་ཡུལ་གྲུ་ཁག་གཅིག་གིས་ཁྲིམས་འགལ་ནག་ཉེས་པ་ཡིན་སྲིད་པའི་མི་ཞིག་ལ་དཔའ་བོ་ལྟར་ངོས་འཛིན་བྱེད་བཞིན་པ་དེ་ནི་རྒྱ་ནག་མི་དམངས་མགོ་བོ་རྨོངས་གཞི་ཞིག་ཆགས་ཡོད་པ་བརྗོད་འདུག།
ཨ་མི་རི་ཀ་དང་ ཨའོསི་ཊརེ་ལི་ཡ་ དབྱིན་ཡུལ་དང་ ཕེརནསི་ ཇར་མན་དང་ ཡོ་རོབ་མཐུན་ཚོགས་བཅས་ནས་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལ་སོགས་པ་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་པ་ཚོས་ཨེ་ལྦེ་ལྦེ་གློད་གྲོལ་འབྱུང་ཐབས་ལ་འབད་བརྩོན་བྱེད་བཞིན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།