རྒྱ་ནག་གིས་ཨ་རིར་ཚོང་ཁྲིམས་ལ་བརྩི་བཀུར་བྱེད་དགོས་ཟེར།
2017.04.04

རྒྱ་ནག་གིས་ཨ་རིར་རྒྱལ་སྤྱིའི་གཏན་འབེབས་བྱས་པའི་ཚོང་ལས་གཉེར་ཕྱོགས་ཀྱི་ཁྲིམས་ལ་བརྩི་བཀུར་དང་ལེན་བྱེད་དགོས་ཀྱི་རེད་ཅེས་བཤད་འདུག
ཉིན་ཤས་རྗེས་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་ལ་ཉེ་བའི་སྔ་ནུབ་ཏུ། རྒྱ་ནག་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཨ་རིའི་ཕྱོགས་ནས་རྒྱལ་ཁབ་གཞན་དང་མཉམ་ཚོང་འབྲེལ་བྱེད་སྐབས་རྒྱལ་སྤྱིའི་གཏན་འབེབས་བྱས་པའི་ཚོང་ལས་གཉེར་ཕྱོགས་ཀྱི་ཁྲིམས་ལ་བརྩི་བཀུར་དང་ལེན་བྱེད་དགོས་ཀྱི་རེད་ཅེས་བཤད་འདུག
དེ་ཡང་འདི་ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་ (Donald Trump) དང༌རྒྱ་ནག་གི་སྲིད་འཛིན་ (Xi Jinping) རྣམ་གཉིས་ཨ་རིའི་ལྷོ་ཤར་མངའ་སྡེ་ Florida འི་མཚོ་ཁའི་ས་གནས་ཤིག་ཏུ་ཡོད་པའི་སྲིད་འཛིན་ (Trump) སྐུ་སྒེར་གྱི་སྤྲོ་སྐྱིད་གཏོང་ཡུལ་ (Mar-a-Lago) རུ་མཇལ་འཕྲད་གནང་རྒྱུ་ཡིན་ཞིང༌། དབུ་ཁྲིད་རྣམ་གཉིས་ཀྱི་ཐེངས་འདིའི་མཇལ་འཕྲད་སྐབས་གཙོ་བོ་རྒྱལ་ཁབ་གཉིས་དབར་ཚོང་གི་འགྲོ་རྒྱུགས་ཁ་མི་འདུམ་པའི་བར་ཁྱད་ཆེན་པོ་ཡོད་དེ་དག་སེལ་ཐབས་དང༌། བྱང་ཀོ་རི་ཡའི་ནང་རྡུལ་ཕྲན་དང་མེ་ཤུགས་འཕུར་མདེལ་གྱི་གོ་མཚོན་བཟོ་བསྐྲུན་འགོག་ཐབས། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་རྙོག་བཅས་ཀྱི་གནད་དོན་བཅས་ཀྱི་ཐོག་གྲོས་མོལ་གནང་འཆར་ཡོད་པ་རེད།
ཡང་ཐེངས་འདིའི་མཇལ་འཕྲད་གྲོས་མོལ་དེ་དག་ལས་སླ་པོ་ཞིག་ཡོང་རྒྱུ་མིན་པའི་རྟགས་མཚན་ཞིག་ནི། བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་གྱིས། ཨ་རི་དང་རྒྱལ་ཁབ་གཞན་དབར་ཚོང་འབྲེལ་ཁ་མི་འདུམ་པའི་བར་ཁྱད་ཡོད་པ་དེ་དག་གི་རྐྱེན་རྩ་ཇི་ཡིན་དང༌། དེ་བཞིན་རྒྱལ་ཁབ་གཞན་གྱིས་ཨ་རིའི་ནང་དངོས་ཟོག་ཚོང་འགྲེམ་བྱེད་སྐབས་འགག་སྒོའི་དཔྱ་ཁྲལ་གཡོལ་ཐབས་བྱེད་མཁན་ཡོད་མིན་གྱི་ཞིབ་འཇུག་དགོས་པའི་བཀའ་ཁྱབ་ཅིག་གནང་ཡོད་པར་བརྟེན། སྲིད་འཛིན་གྱི་བཀའ་ཁྱབ་དེ་དག་རྒྱ་ནག་གི་དངོས་ཟོག་འགོག་ཐབས་སུ་དམིགས་པ་ཡིན་པའི་དོགས་གཞིའི་འོག འདི་ཚེས་ ༡ ཉིན་མིང་འབོད་མ་བྱས་པའི་རྒྱ་ནག་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས། ཨ་རི་གཞུང་གིས་རྒྱལ་ཁབ་གཞན་མཉམ་ཚོང་འབྲེལ་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱེད་སྐབས། སྒྲིག་གཞི་དེ་དག་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་ངེས་པར་དུ་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད།
གསར་འགོད་པ་ངག་དབང་ཆོས་འཕེལ།