རྒྱ་ནག་གཞུང་གིས་ཡང་༧གོང་ས་མཆོག་ལ་མཚན་སྨོད་ཞུས་འདུག
2017.03.07
རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མགོ་སྐོར་གཏོང་མཁན་གྱི་འཁྲབ་སྟོན་པ་ཞིག་ཡིན་ལུགས་མཚན་སྨོད་ཞུས་འདུག
དེ་ཡང་ཨ་མི་རི་ཀའི་(HBO)་བརྙན་འཕྲིན་གྱི་དགོད་བྲོའི་ལས་རིམ་(Last Week Tonight) ཟེར་བ་དེའི་མདོ་འཛིན་པ་སྐུ་ཞབས་(John Oliver)བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་སྐོར་སོགས་གནད་དོན་འདྲ་མིན་ཐད་དགོངས་བསྐོར་བཅར་འདྲི་ཞུས་སྐབས། ཇོན་ཨོ་ལེ་ཝར་(John Oliver)་ཡིས་པན་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱ་ནག་གཞུང་རང་ཉིད་ནས་བསྐོ་བཞག་བྱས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་ཡང་སྲིད་རྒྱ་ནག་གཞུང་གི་དོ་དམ་འོག་ཡོད་པ་སོགས་ཀྱི་གནས་ཚུལ་ལུང་འདྲེན་གནང་སྟེ། མ་འོངས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དེ་ཡང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱེད་སྲིད་ལུགས་སོགས་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་དེ་ལྟར་བྱེད་རྒྱུའི་འཆར་གཞི་དེ་ནི་མིག་རྒྱང་ཐུང་བའི་ཐབས་ཇུས་ཞིག་ཡིན་པར་མ་ཟད། རྣམ་དཔྱོད་མེད་པ་མེད་པ་ཞིག་ཀྱང་རེད། འདི་ནི་ཁོང་ཚོས་མིའི་ཀླད་པ་ཚུལ་བཞིན་བེད་སྤྱོད་མ་བྱེད་པ་ཞིག་ཡིན་པ་གསུངས་པ་དང་སྦྲགས། ངས་ནམ་རྒྱུན་མི་ཚོར་སྤྱིར་བཏང་གི་གནས་ལུགས་བསམ་ཞིབ་ཐུབ་པའི་ཀླད་པའི་ཆ་ཤས་ཤིག་ཡོད་ཀྱང་། རྒྱ་ནག་གི་འགོ་ཁྲིད་ཚོའི་ཀླད་པའི་ནང་ཆ་ཤས་དེ་ཚང་གི་མེད་པ་བརྗོད་ཀྱི་ཡོད་ཅེས་ཞལ་ཤོབ་དང་སྦྲགས་བཀའ་གནང་ཡོད་པ་རེད།
དེ་དང་འབྲེལ་ཚེས་༧་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Geng Shuang)་གིས་ཏཱ་ལའི་བླ་མའི་དགོངས་ཚུལ་དེ་ནི་ཕར་བལྟས་པ་ཡིན་ན་དགོད་བྲོ་པོ་དང་ཀུ་རེ་ཙམ་ཡིན་ཡང་། དེ་ཚོ་ཚང་མ་གཞི་རྩ་མེད་པའི་རྫུན་གཏམ་རང་རེད་ཅེས་སྐྱོན་བརྗོད་དང་མཉམ་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ནི་ཆོས་འབག་གྱོན་ཞིང་། ཆབ་སྲིད་ཀྱི་ཡུལ་གྱར་དུ་སོང་བའི་རྒྱ་ནག་ཁ་བྲལ་གྱི་ལས་དོན་སྤེལ་མཁན་ཡིན་པ་རེད་ཅེས་དང་། ད་ཆ་མི་ལ་མགོ་བསྐོར་གཏོང་མཁན་གྱི་འཁྲབ་སྟོན་པའི་བཟོ་ཞིག་ཀྱང་འདུག་ཅེས་མཚན་སྨོད་ཞུས་ཡོད་པ་རེད།
གསར་འགོད་པ་འཆི་མེད།