རྒྱ་ནག་གིས་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་རང་བསློག་རྩིས་སྤྲོད།
2012.03.09
༄༅༎རྒྱ་ནག་གཞུང་གིས་ཕྱི་ཟླ་གཉིས་པའི་ནང་བྱང་ཀོ་རི་ཡ་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་མི་གྲངས་༣༡ འཛིན་བཟུང་བྱས་པ་རྣམས་བྱང་ཀོ་རི་ཡར་རྩིས་སྤྲོད་བྱས་ཡོད་པར་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱིས་། ཁོང་ཚོར་བྱང་ཀོ་རི་ཡའི་གཞུང་གིས་ཚབས་ཆེའི་ཉེས་ཆད་གཏོང་རྒྱུ་ཡིན་པའི་བློ་འཚབ་གནང་གི་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་རྣམས་རྒྱལ་ཁབ་ཏུ་རྩིས་སྤྲོད་བྱ་རྒྱུ་མེད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་འབོད་སྐུལ་དང་གནོན་ཤུགས་རིམ་པ་སྤྲད་ཡོད་ཀྱང་རྒྱ་ནག་གཞུང་གིས་དེར་ཚོར་ཉན་འཇོག་རྩ་བ་ནས་མ་བྱས་པར་གཟའ་འཁོར་གཉིས་ཀྱི་གོང་དེར་སྐྱབས་བཅོལ་བ་རྣམས་བྱང་ཀོ་རི་ཡའི་གཞུང་ལ་རྩིས་སྤྲོད་བྱས་ཡོད་ཅིང༌། ལྷོ་ཀོ་རི་ཡའི་ནང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་བྱང་ཀོ་རི་ཡའི་སྐྱབས་བཅོལ་བའི་ལས་དོན་ཁང་གི་འགོ་ཁྲིད་རྡོ་ཧི་ཡུན་ཡིས་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་ལ་བཤད་དོན། བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་མི་གྲངས་༣༡ དེ་རྣམས་ཚོགས་ཁ་གསུམ་བྱས་ཏེ་བྲོས་བྲོལ་དུ་ཡོང་བ་དང༌། རྒྱ་ནག་གི་ས་ཆ་མི་འདྲ་བ་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང༌། མི་དེ་དག་ནི་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨིལ་ན་ནིང་འདས་གྲོངས་སུ་ཕྱིན་ཏེ་ཁོང་ལ་མྱ་ངན་ཞུ་རྒྱུའི་དུས་ཚོད་སྐབས་དེར་རྒྱ་ནག་ཏུ་བྲོས་བྱོལ་དུ་ཕྱིན་པར་སོང་ཁོང་ཚོར་སྲོག་ཐོག་གཏོང་རྒྱུ་མཚོན་པའི་ཚབས་ཆེའི་ཉེས་ཆད་གཏོང་རྒྱུ་ཡིན་པའི་བློ་འཚབ་ཆེན་པོ་འདུག་ཅེས་གསུང་ཡོད་པ་རེད། དེ་བཞིན་ལྷོ་ཀོ་རི་ཡའི་ནང་དུ་ཡོད་པའི་བྱང་ཀོ་རིའི་བྲོས་བྱོལ་བ་ཚོགས་པ་ཞིག་གིས་ཀྱང། བྱང་ཀོ་རི་ཡའི་མི་༣༡དེ་དག་ལ་རྒྱལ་ཚོང་པའི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་ཚབས་ཆེའི་ཉེས་ཆད་གཏོང་རྒྱུ་ཡིན་པ་བློ་འཚབ་བྱེད་ཀྱི་ཡོད་ཅིང༌། སྐྱབས་བཅོལ་དེ་རྣམས་བྱང་ཀོ་རི་ཡར་རྩིས་སྤྱོད་མི་བྱེད་པའི་ཆེད་དུ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་མཁན་ཁོངས་སུ། ལྷོ་ཀོ་རི་ཡ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། ཨ་མི་རི་ཀ་སོགས་ཡོད་ཅིང༌། སྐབས་དེར་ལྷོ་ཀོ་རི་ཡའི་གཞུང་གིས་ཁོང་ཚོ་སྐྱབས་བཅོལ་བ་ཡིན་པ་དང༌། ཁོང་ཚོ་རྩིས་སྤྲོད་མ་བྱེད་རོགས་ཞེས་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་རིམ་པ་བྱས་ཡོད་ཀྱང་རྒྱ་ནག་ཕྱོཌ་ནས་ཁོང་ཚོ་ནི་རྒྱ་ནག་ནང་དུ་དཔལ་འབྱོར་བཟོ་བར་ཡོང་བའི་འཕྲལ་སེལ་ལས་ཀ་བྱེད་མཁན་ཡིན་པ་ལས་སྐྱབས་བཅོལ་མིན་པ་བཤད་དེ་རྩིས་སྤྲོད་བྱས་ཡོད་པ་རེད། ༡༩༥༠ པ་ནས་༡༩༥༣ བར་ཀོ་རི་ཡའི་རྒྱལ་ནང་དམག་འཁྲུག་ནས་བཟུང་ལྷོ་ཀོ་རི་ཡའི་ནང་བྱང་ཀོ་རི་ཡའི་བྲོས་བྱོལ་བ་ཉིས་ཁྲི་ཆིག་སྟོང་བདུན་བརྒྱ་ལྷག་སླེབས་ཡོད་པ་དང༌། ཉེ་བའི་དུས་ཚོད་ནང་བྲོས་བྲོལ་དུ་ཡོང་མཁན་མང་པོ་ཡོད་ཅིང༌། ཁོང་ཚོ་ནི་རྐང་ཐང་དུ་ཐོག་མར་རྒྱ་ནག་ནང་དུ་འཛུལ་ནས་དུས་ཚོད་འགའ་ཙམ་རིང་གབ་ཡིབ་བྱས་ཏེ། དེ་རྗེས་ལྷོ་ཀོ་རི་ཡའི་ནང་སྐྱབས་བཅོལ་ཞུ་བར་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད།