རྒྱ་ནག་གིས་མཉམ་སྦྲེལ་རྒྱལ་ཚོཊ་དང་མཉམ་ལས་བྱེད་རྒྱུའི་ཁས་ལེན།
2016.09.29

རྒྱ་ནག་གཞུང་གིས་མཉམ་སྦྲེལ་རྒྱལ་ཚོགས་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་མཉམ་ལས་བྱ་རྒྱུའི་ཁས་ལེན་བྱས་འདུག
དེ་ཡང་ཕྱི་ཚེས་༢༩་ཉིན་རོ་ཡི་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་གཞིགས་ན། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ལུང་འདྲེན་བྱས་ནས་རྒྱ་ནག་གཞུང་གིས་གསར་དུ་འདོན་སྤེལ་བྱས་པའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཆར་ཞེས་སྤྱི་ལོ་༢༠༢༠བར་ལག་ལྟར་བྱ་རྒྱུའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་འཆར་གཞི་གསལ་བསྒྲགས་བྱས་ཡོད་པ་དང་། འཆར་གཞི་དེའི་ནང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ལས་དོན་མཉམ་ལས་ཀྱི་མཐུན་འགྱུར་བྱ་རྒྱུ་ཡིན་ལུགས་ཁས་ལེན་བྱས་ཡོད་པ་རེད། ལས་དོན་མཉམ་ལས་ཀྱི་ཐད་ནས། རྒྱ་ནག་གིས་ཁས་ལེན་བྱས་པའི་གནད་དོན་ཁོངས་སུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འདྲི་རྩད་ཀྱི་ཕྱག་བྲིས་རིགས་ལ་རྒྱ་ནག་གཞུང་ནས་ཁ་གསལ་ལན་འདེབས་བྱེད་རྒྱུ་དང་། འོས་མཚམས་ལ་གཞིགས་སྟེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་ཁག་རྒྱ་ནག་ནང་མགྲོན་འབོད་བྱ་རྒྱུ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐབ་ལྷན་ཚོགས་ཀྱི་དམིགས་གསལ་སྡེ་ཚན་ནང་རྒྱ་ནག་གི་མཁས་དབང་མཉམ་བཞུགས་བྱ་རྒྱུ་སོགས་གསལ་ཡོད་པ་རེད།
གཞན་ཡང་གོང་གསལ་རྒྱ་ནག་གི་འདོན་སྤེལ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཆར་དེའི་ནང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་གཙོས་པའི་འབྲེལ་ཡོད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་འདྲ་མཉམ་དང་། ཕྱོགས་ཕན་ཚུན་བར་གུས་བརྩི་ལྡན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ཡིན་ལུགས་ཁས་ལེན་བྱས་འདུག
རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་བོད་དང་། ཤར་ཏུར་ཀི་སི་ཐན་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གཞུང་ཕྱོགས་ནས་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཡོང་བཞིན་ཡོད་སྟབས་གོང་གསལ་འཆར་གཞི་དེའི་ནང་། རྒྱ་ནག་གཞུང་ནས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ནང ཡར་རྒྱས་འཛུགས་བསྐྲུན་གྱི་ལས་འདྲ་རྒྱ་ཆེར་གཏོང་རྒྱུ་དང་། ཆབས་ཅིག་ས་ཁུལ་དེ་དག་ནང་མང་ཚོགས་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབས་བྱ་རྒྱུ་ཡིན་ལུགས་གསལ་ཡོད་པ་རེད།
རྒྱ་ནག་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབར་ལོ་མང་ནས་འབྲེལ་ལམ་བཟང་པོ་མེད་པ་དང་། རྒྱ་ནག་གི་སྲིད་འཛིན་Xi Jinping་གྱིས་རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ལ་ཁ་གཡར་ནས་སྤྱི་ཚོགས་ཁྲོད་དོ་དམ་དང་དམ་དྲག་ཤུགས་ཆེའི་སྲིད་ཇུས་འོག གཞུང་ཕྱོགས་དང་ལྟ་བ་མི་མཐུན་པའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་སྟངས་བཅས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་པའི་རྒྱ་ནག་གི་དོན་གཉེར་བ་ཚོས་སྐྱོན་བརྗོད་ཡང་ཡང་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ཚེ་དབང་ནོར་བུ་དང་དོན་གྲུབ་རྣམ་རྒྱལ།