རྒྱ་གཞུང་གིས་རོགས་དངུལ་གྱི་ཐོག་ནས་བོད་ཀྱི་ལོ་གསར་གྲ་སྒྲིག
2009.02.22
༄༅༎རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་བོད་ནང་གི་བོད་མི་ཚོས་འདི་ལོའི་བོད་ཀྱི་ས་གླང་ལོའི་ལོ་གསར་གཏང་རྒྱུར་གྲ་སྒྲིག་གི་བྲེལ་འཚུབ་བྱེད་བཞིན་པའི་རྣམ་པ་སྟོན་ཐབས་སུ་བོད་ཀྱི་ལྷོ་ཁའི་གྲོང་གསེབ་པའི་ཁྱིམ་ཚང་ཞིག་ལ་རྒྱ་ནག་གཞུང་གིས་རོགས་དངུལ་གྱི་ཐོག་ནས་ཁང་པ་གསར་པ་འཛུགས་སྐྲུན་བྱས་པ་དང་ཁྱིམ་ཚང་གི་ནང་མི་ཚོས་ལོ་གསར་གྱི་གྲ་སྒྲིག་བྱེད་པའི་གནས་ཚུལ་ཞིག་བཏོན་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་ཤིང་ཧཱ་གསར་ཤོག་དེའི་ཐོག་ལ་བོད་ཀྱི་ལྷོ་ཁ་ས་ཁུལ་ནང་གནས་སྡོད་ལོ་ན་སུམ་ཅུ་སོ་དྲུག་ཡིན་པའི་གྲོང་མི་བདེ་སྐྱིད་སྒྲིལ་དཀར་གྱི་ཁྱིམ་ཚང་ལ་མི་ཊར་གྲུ་བཞི་མ་༡༩༨རྒྱ་ཁྱོན་ཡོད་པའི་སྡོད་ཁང་གསར་རྒྱག་བྱས་པའི་ནང་མའོ་ཙེ་ཏུང་སོགས་རྒྱ་ནག་གི་འགོ་ཁྲིད་ཀྱི་འདྲ་པར་བསྐྱལ་བ་དང་ཤར་ལ་ཉེ་བའི་བོད་ཀྱི་ལོ་གསར་དེ་ནང་མི་དང་ལྷན་དུ་སྡོད་ཁྱིམ་གསར་པ་དེའི་ནང་ལེགས་པོ་ཞིག་གཏང་རྒྱུར་དགའ་སྤྲོ་ཆེན་པོ་བྱེད་ཀྱི་ཡོད་ལུགས་དང་ཁོ་མོས་སྡོད་ཁྱིམ་གསར་པ་འཛུགས་སྐྲུན་བྱས་པར་རྒྱ་མིའི་སྒོར་མོ་དྲུག་སྟོང་ལས་སྤྲད་མི་དགོས་པ་དང་ད་དུང་ས་གནས་གཞུང་གིས་ཁོ་མོར་རྒྱ་མིའི་སྒོར་མོ་བརྒྱད་སྟོང་ཙམ་ཐོབ་པའི་ནང་ཆས་རིན་མེད་དུ་རོགས་རམ་བྱས་ལུགས་བཤད་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་གསེབ་ས་ཁུལ་དུ་དཔལ་འབྱོར་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་སྡོད་ཁྱིམ་གསར་རྒྱག་གི་ལས་གཞི་ཞིག་ཕྱི་ལོ་ཉིས་སྟོང་དྲུག་ནས་འགོ་བཙུགས་ཏེ་ས་གནས་གཞུང་གིས་ཞིང་འབྲོག་མི་དམངས་ཀྱི་འཚོ་གནས་ཡར་རྒྱས་གཏོང་ཐབས་སུ་སྡོད་ཁྱིམ་ཁྲི་དྲུག་ཙམ་འཛུགས་སྐྲུན་ཆེད་རྒྱ་མིའི་སྒོར་མོ་ས་ཡ་བདུན་རྒྱ་ཙམ་གྱི་རོགས་རམ་བྱས་ལུགས་བཀོད་ཡོད་པ་རེད། དེ་བཞིན་ལྷོ་ཁ་རྩེ་ཐང་ནང་གནས་སྡོད་སྐལ་བཟང་གིས་དེ་སྔོན་ཡིན་ན་ལོ་གསར་སྐབས་ཀྱི་དམིགས་བསལ་ཅ་དངོས་ཉོ་བར་ཕྲུ་གུར་བརྟེན་དགོས་པ་དང་ཡིན་ནའང་འདི་ལོ་གཞུང་གིས་རོགས་རམ་བྱས་པར་རྒྱ་མིའི་སྒོར་མོ་ཆིག་སྟོང་དྲུག་རྒྱ་ཡིས་ལོ་གསར་གྱི་ཉོ་ཆ་བརྒྱབ་རྒྱུར་འགྲོ་གྲོན་བཏང་བ་ཡིན་ལུགས་དང་འདི་ལོ་རྒྱ་ནག་གཞུང་གིས་གྲོང་གསེབ་ས་ཁུལ་གྱི་དཔལ་འབྱོར་ཡོང་འབབ་དམའ་བའི་ཁྱིམ་ཚང་རེར་རྒྱ་མིའི་སྒོར་མོ་བརྒྱད་རྒྱ་སྤྲད་ཡོད་པའི་སྐོར་བཤད་ཡོད་པ་རེད། ཡིན་ནའང་གནས་ཚུལ་དབྱེ་ཞིབ་པ་ཚོས་བོད་ཕྱི་ནང་གཉིས་སུ་འདི་ལོའི་ལོ་གསར་གཏང་རྒྱུ་མིན་པའི་གླེང་སློང་ཤུགས་ཆེ་ཡོང་བཞིན་པར་བརྟེན་ནས་རྒྱ་ནག་གཞུང་གིས་ཆེད་དུ་བོད་མི་ཚོར་བཙན་སྐུལ་བྱས་པ་ཞིག་དང་བོད་མི་ཚོས་ལོ་གསར་གཏོང་བའི་གྲ་སྒྲིག་བྱེད་ཀྱི་ཡོད་ཚུལ་ཕྱི་ཕྱོགས་སུ་རྣམ་པ་སྟོན་ཐབས་བྱས་པ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད༎