བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་གསར་པ་བསྐོ་བཞག་བྱས་པ།
2010.01.15
༄༅༎རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཏུ་དམག་མིའི་རྒྱབ་ལྗོངས་ཡོད་མི་པད་མ་འཕྲིན་ལས་བསྐོ་བཞག་བྱས་ནས་ཕྱི་ཚེས་༡༥ཉིན་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ལྷན་ཚོགས་ཐོག་མི་འདོན་སྐོར་གྱི་གྲོས་གཞིར་གྲོས་མོལ་བྱས་ལུགས་ཀྱིས་པད་མ་འཕྲིན་ལས་དངོས་སུ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ལ་བསྐོ་བཞག་བྱས་ཡོད་པ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་འདུག
དེ་དང་ཕྱོགས་མཚུངས་རང་ལོ་༦༢ལ་ཕེབས་པའི་བྱམས་པ་ཕུན་ཚོགས་ལགས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཀྱི་ལས་འཁུར་རྩ་དགོངས་ཀྱིས་ བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོར་བསྐོ་བཞག་བྱས་ཡོད་ཅིང་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལེགས་ཆོག་རྒན་ཡོལ་ཞུ་བའི་ལོ་ནར་སོན་ལུགས་ཀྱིས་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་ཀྱིས་རྒན་ཡོལ་དུ་བཏང་ཡོད་པ་ གསར་དུ་བསྐོ་བཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་པད་མ་འཕྲིན་ལས་རང་ལོ་༥༨ལ་ཕེབས་ཀྱི་ཡོད་པ་དང་དེའི་སྔོན་རྒྱ་ནག་མི་མང་བཅིངས་བཀྲོལ་དམག་ནང་ཞུགས་མྱོང་ཡོད་ཅིང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་གུང་ཁྲན་ཚོགས་པའི་དཔོན་རིགས་མཐོ་གྲས་གཉིས་ཀ་དམག་དཔུང་གི་རྒྱབ་ལྗོངས་ཡོད་པ་བསྐོ་བཞག་བྱེད་ཡས་དེའི་ཐོག་ནས་ བོད་ཀྱི་གནད་དོན་དེ་བཞིན་དམག་དཔུང་གིས་སྟངས་འཛིན་འོག་གནས་དགོས་པའི་གནད་དོན་ཞིག་ཡིན་ལུགས་མཚོན་ཐབས་བྱས་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ཀྱི་ཡོད་པ་དང་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཀྲང་ཆིས་གླིས་ཡང་དེ་སྔོན་ཤིན་ཅང་འཛུགས་སྐྲུན་དམག་དཔུང་གི་བཀོད་སྡོམ་པའི་ལས་འགན་འཁྱེར་མྱོང་ཡོད་པ་རེད༎