ལྷོ་ཤར་ཨེ་ཤེ་ཡ་དང་ཨ་རིའི་ཆེས་མཐོའི་ལྷན་ཚོགས།
2010.09.25
༄༅༎ཤར་རྒྱ་ནག་གི་རྒྱ་མཚོའི་ནང་ཡོད་པའི་རང་འབྱུང་རྫས་རླངས་དང་རྡོ་སྣུམ་གྱི་གཏེར་ཁ་ཕྱུག་པོ་ཡོད་པར་ཡིད་ཆེས་བྱ་ཡུལ་གྱི་མཚོ་གླིང་ཁག་གཅིག་གི་བདག་དབང་གི་གནད་དོན་ཐད་ ནུས་སྟོབས་རྒྱས་བཞིན་པའི་རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་འགའ་ཤས་དབར་གྱི་རྩོད་གླེང་ཇེ་ཆེར་འགྲོ་བཞིན་པའི་དུས་འདིར་གཟའ་པ་སངས་ཉིན་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་འཛམ་གླིང་གི་སྡིངས་ཆའི་སྟེང་གཡོ་འགུལ་ཐེབས་པ་བཟོ་བའི་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད་པ་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡུལ་གྲུ་བཅུ་ལས་གྲུབ་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་དབུ་འཁྲིད་རྣམས་དང་ ཨ་མི་རི་ཀའི་སྲིད་འཛིན་ཨོསྦ་མ་རྣམ་པའི་དབར་གྱི་ཆེས་མཐོའི་ལྷན་ཚོགས་ཤིག་གནང་ཞིང་ ཕྱོགས་གཉིས་ཀས་རྩོད་རྙོག་གི་གནད་དོན་ཁག་ཞི་བའི་ཐབས་ལམ་གྱི་ཐོག་ནས་སེལ་དགོས་གལ་ཆེ་བར་མོས་མཐུན་གནང་པ་དང་ ལྷག་པར་དུ་ཕྱོགས་གཉིས་ཀས་ལྷོ་རྒྱ་ནག་གི་རྒྱ་མཚོ་སོགས་ཀྱི་ནང་རང་དབང་གི་ཐོག་ནས་མཚོ་འགྲུལ་བྱེད་ཆོག་པ་དགོས་རྒྱུར་ཡང་མོས་མཐུན་བྱུང་ཡོད་པ་རེད་ འདི་ནི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་དང་རྒྱ་ནག་དབར་མཚོ་གླིང་གི་བདག་དབང་ཐད་རྩོད་རྙོག་ཡོད་པའི་གནད་དོན་ཐད་དམིགས་བཀར་བྱས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་ཡུལ་གྲུ་ཁག་གི་དབུ་འཁྲིད་དང་ཨ་མི་རི་ཀའི་སྲིད་འཛིན་དབར་གྱི་ཆེས་མཐོའི་ལྷན་ཚོགས་གནང་པའི་དུས་ཚོད་འདི་ཉེ་ཧོང་དང་རྒྱ་ནག་དབར་ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་གི་སི་པཏ་ལི་མཚོ་གླིང་གི་བདག་དབང་ཐད་རྩོད་རྙོག་གི་རྣམ་པ་ཇེ་ཆེར་འགྲོ་བཞིན་པ་དང་དུས་མཉམ་དུ་འཁེལ་བ་ཞིག་ཀྱང་ཡིན་པ་རེད།
རྒྱ་ནག་གཞུང་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་དབུ་འཁྲིད་རྣམས་དང་ཨ་མི་རི་ཀའི་སྲིད་འཛིན་དབར་གྱི་ཆེས་མཐོའི་ལྷན་ཚོགས་དེ་མ་གནང་གོང་ མཚོ་གླིང་བདག་དབང་གི་རྩོད་གཞིའི་གནད་དོན་ཐད་གྲོས་བསྡུར་བྱེད་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ ཁོང་གིས་སྣེ་འཁྲིད་པའི་ཨ་མི་རི་ཀའི་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལས་དོན་གཙོ་བོའི་གྲས་ཤིག་ནི་ཨི་ཤེ་ཡའི་ཡུལ་གྲུ་ཁག་དང་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་དེ་ཡིན་པ་གསུངས་ཡོད་པ་རེད།།