ཨ་རིའི་ཚོང་དོན་སྒོ་ཁྲལ་ལེན་ཕྱོགས་ཐད་རྒྱ་ནག་གི་དགོས་འདུན།
2009.09.14
༄༅༎རྒྱ་ནག་གཞུང་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ཨ་རིས་རྒྱ་ནག་གི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་བྱེད་རྒྱུར་སྒོ་ཁྲལ་འཕར་མ་ལེན་རྒྱུའི་ཐག་གཅོད་དེ་ནི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ལམ་ལུགས་དང་མི་མཐུན་པ་ཡིན་ལུགས་བཤད་ནས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་ཚོང་དོན་སྒྲིག་གཞི་གཞིར་བཟུང་གནད་དོན་དེའི་ཐོག་ཐག་གཅོད་གནང་རྒྱུའི་དགོས་འདུན་བཏོན་ཡོད་པའི་སྐོར་རྒྱ་ནག་གཞུང་ཚབ་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང་འཁོད་ཡོད་ཅིང་གསལ་བསྒྲགས་དེའི་ནང་ད་དུང་ཨ་རིས་རྒྱ་ནག་གི་མོ་ཊའི་འཁོར་ལོ་ཨ་རིའི་ནང་ནང་འདྲེན་བྱ་རྒྱུར་ཉེས་ཆད་ཀྱི་སྒོ་ཁྲལ་འཕར་མ་ལེན་རྒྱུའི་ཐག་གཅོད་དེ་ནི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྒྲིག་གཞི་དང་མཐུན་གྱི་མེད་པར་རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་ཀྱི་ཡོད་ལུགས་འཁོད་ཡོད་པ་རེད། གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཕོ་བྲང་ནས་རྒྱ་ནག་ནས་བཟོས་པའི་མོ་ཊའི་འཁོར་ལོའི་སྤུས་ཚད་འདེངས་ཀྱི་མེད་པའི་གནས་སྟངས་དེ་སེལ་རྒྱུའི་ཆེད་རྒྱ་ནག་ནས་ཨ་རིའི་ནང་ནང་འདྲེན་བྱ་རྒྱུའི་མོ་ཊའི་འཁོར་ལོར་ལོ་གསུམ་རིང་ཉེས་ཆད་སྒོ་ཁྲལ་འཕར་མ་ལེན་རྒྱུའི་ཐག་གཅོད་ཕྱིར་བསྒྲགས་གནང་ཡོད་པ་དང་སྒོ་ཁྲལ་འཕར་མ་དེ་བཞིན་ལོ་དང་པོར་བརྒྱ་ཆ་སུམ་ཅུ་སོ་ལྔ་དང་ལོ་གཉིས་པར་བརྒྱ་ཆ་སུམ་ཅུ་ ལོ་གསུམ་པར་བརྒྱ་ཆ་ཉི་ཤུ་རྩ་ལྔ་ལེན་རྒྱུའི་ཐག་གཅོད་གནང་ཡོད་པར་རྒྱ་ནག་གཞུང་གིས་ངོ་རྒོལ་ཤུགས་ཆེ་བྱས་ནས་ཐག་གཅོད་དེས་རྒྱ་ནག་གི་མོ་ཊའི་འཁོར་ལོ་ལོ་ཧྲིལ་པོ་ཨ་རིའི་ནང་ཕྱིར་འདྲེན་བྱ་ཐུབ་རྒྱུ་ཁག་པོ་ཡིན་པ་དང་དེས་རྐྱེན་པས་རྒྱ་ནག་ནང་མི་གྲངས་ཁྲི་བཅུ་ལྷག་ཙམ་གྱི་ལས་ཀ་ཤོར་རྒྱུ་མ་ཟད་ཨ་སྒོར་ས་ཡ་བཅུ་གྲངས་ཀྱི་དཔལ་འབྱོར་གྱོང་གུན་ཕོག་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་གིས་ཚེས་བཅུ་གསུམ་ཉིན་ཨ་རི་ནས་རྒྱ་ནག་ནང་ནང་འདྲེན་བྱེད་ཀྱི་ཡོད་པའི་མོ་ཊའི་ཡོ་ཆས་དང་བྱ་ཤའི་ཐོག་སྒོ་ཁྲལ་འཕར་ལ་ལེན་མིན་གྱི་གནད་དོན་ཐོག་བསྐྱར་དུ་ཞིབ་མཇུག་བྱ་རྒྱུའི་ཐག་གཅོད་བྱས་ལུགས་ཕྱིར་བསྒྲགས་བྱས་ཡོད་པ་རེད།