ཏང་ཡོན་ལས་བྱེད་པས་ཏཱ་ལའི་བླ་མར་ཞལ་འདེབས་འབུལ་གྱི་འདུག
2017.05.02

རྒྱ་ནག་ནང་གི་ཏང་ཡོན་ལས་བྱེད་པས་ཏཱ་ལའི་བླ་མར་ཞལ་འདེབས་འབུལ་གྱི་འདུག་ཅེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག
དེའང་ཟླ་༤་ཚེས་༣༠་ཉིན་ཧྥ་རན་སིའི་རྒྱ་ཡིག་དྲ་གནས་སུ་ཧོང་ཀོང་གི་དམིགས་བསལ་གསར་འགོད་པ་མའེ་ཨིན་ཐིང་གིས་སྤེལ་བའི་གནས་ཚུལ་ཞིག་བཀོད་པར་གཞིགས་ན། བོད་ཀྱི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་དྲུང་ཆེ་ཝང་ཡུང་ཅུན་(Wang Yongjun)གྱིས་ཟླ་༥་ཚེས་༡ཉིན་འདོན་པའི་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་གཙོ་གཉེར་ བྱས་པའི་དུས་དེབ་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་དཔྱད་ཟེར་བའི་ཐོག་ཆེད་རྩོམ་སྤེལ་བའི་ནང་བཀོད་ཡོད་ཅིང་། དེའི་ནང་བོད་ནང་གི་གུང་ཁྲན་ཏང་མི་ཆེས་ཉུང་ཤས་ཤིག་གིས་ཆབ་སྲིད་དང་སྒྲིག་ཁྲིམས་ལ་མི་བརྩི་བར་ཆབ་སྲིད་ཐོག་མགོ་གཉིས་པ་འཁྲབ་ཀྱི་ཡོད་པ་དང་། གུང་ཁྲན་ཏང་གི་འཐབ་རྩོད་ནུས་པར་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་གི་ཡོད་པ་རེད། སྡེ་ཚན་འགའ་ཞིག་གིས་དམིགས་བསལ་གནས་ཚུལ་གྱི་རྒྱུ་མཚན་སྤྱད་དེ་ཀྲུང་དབྱང་གི་སྲིད་ཇུས་འཛིན་ཐབས་དང་བཀོད་སྒྲིག་དེ་བདམས་བསྲེས་ཐོག་ནས་ལག་བསྟར་བྱེད་ཀྱི་ཡོད་པ་དང་།
ད་དུང་གུང་ཁྲན་ཏང་མི་ལས་བྱེད་ཉུང་ཤས་ཤིག་གིས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་གལ་ཆེའི་ཆབ་སྲིད་ཀྱི་གནད་དོན་ཐོག་ལངས་ཕྱོགས་བརྟན་པོ་མ་སྲུང་བ་དང་། ཆབ་སྲིད་ཀྱི་རྣམ་འགྱུར་རབ་རིབ་ཡིན་པ། ཐ་ན་འགའ་ཞིག་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་ཤོག་ཁག་ལ་ཞལ་འདེབས་ཕུལ་བ་དང་ཁྲིམས་འགལ་གྱི་གསང་བའི་སྒྲིག་འཛུགས་ཞུགས་ཏེ་ཕྱི་ཕྱོགས་ལ་གསང་འཕྲིན་སྐྱེལ་གྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་བ་སོགས་བཀོད་ཡོད་འདུག
རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགོ་ཁྲིད་ (Wang Yongjun) གྱིས་བཤད་པའི་སྐད་ཆ་དེ་དག་བདེན་པ་ཡིན་མིན་ཤོད་ཚོད་ཁག་པོ་ཡིན་ཡང༌། བོད་མི་ཚོས་བླ་མ་དང་། དགེ་བའི་བཤེས་གཉེན་བཅས་ལ་སྐྱབས་རྟེན་དང་། བསྔོ་སྨོན་གསོལ་འདེབས་ཞུ་ཆེད་འབུལ་བ་ཕུལ་བའི་ལམ་སྲོལ་ཞིག་ཡོད་པ་རེད།
གོང་གསལ་ཆེད་རྩོམ་སྤེལ་མཁན་ཝང་ཡུང་ཅུན་ནི་སྤྱི་༡༩༨༣ ལོར་ནན་ཅིན་སློབ་གྲ་ཆེན་མོ་ནས་ཐོན་རྗེས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་ཞིབ་དཔྱོད་ཁང་ལ་ལས་ཀ་བྱས་པ་དང་། སྤྱི་༢༠༡༤ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་དམར་ཤོག་གི་རྒྱུན་ལས་དང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེའི་གོ་གནས་བཟུང་ཡོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས་དང་། ངག་ཆོས།