ལེའུ་ཡི་སྨན་བཅོས་ཆེད་ཕྱི་རྒྱལ་གྱི་ཆེད་ལས་སྨན་པ་གདན་ཞུ་གནང་རྒྱུ།
2017.07.05
རྒྱ་ནག་གཞུང་གིས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པོའོ་སྨན་བཅོས་ཀྱི་ཆེད་དུ་ཕྱི་རྒྱལ་ནས་ཆེད་ལས་སྨན་པ་གདན་ཞུ་གནང་རྒྱུ་ཡིན་འདུག
དེ་ཡང་རྒྱ་ནག་གཞུང་གིས་སྲིད་གཞུང་མགོ་རྟིང་སློག་པའི་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་༡༡་གི་བཙོན་འཇུག་འོག་བཞག་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིའུ་ཞོ་པོའོ་ལགས་རྒྱའི་བཙོན་འོག་ལོ་མང་བཞུགས་ནས་གསོ་ཐབས་དཀའ་བའི་མཆིན་པའི་འབྲས་ནད་ཕོག་སྟེ་ཛ་དྲག་ལ་གྱུར་རྐྱེན་ཉེ་ཆར་བཙོན་འོག་ནས་རྒྱ་ནག་གི་འབྲས་ནད་སྨན་ཁང་ཞིག་ཏུ་སྨན་བཅོས་ཀྱི་ཆེད་དུ་བསྐྱེལ་ཡོད། རྗེས་སུ་ཁོང་དང་བཟང་བཙོན་འོག་ཡོད་པའི་ཁོང་གི་བཟའ་ཟླ་བཅས་ཕྱི་རྒྱལ་དུ་སྨན་བཅོས་ཀྱི་ཆེད་དུ་འགྲོ་རྒྱུའི་རེ་འདུན་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་ད་བར་ངོས་ལེན་བྱས་མེད་ནའང། ད་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ས་གནས་ཀྱི་སྨན་པ་ཞིག་གིས་སྐུ་ཞབས་ལིའུ་ཞོ་པོའོ་ལགས་ཀྱི་སྐྲན་ནད་ཀྱི་ནད་གཞི་སྨན་བཅོས་ཀྱི་ཆེད་དུ། རྒྱ་ནག་གིས་ཨ་མི་རི་ཀ་དང་ཇར་མན་གྱི་ཆེད་ལས་སྨན་པ་གདན་ཞུ་བྱེད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག
དེ་ནི་རྒྱ་ནག་གིས་ཕྲན་བུ་གུ་ཡངས་ཀྱི་རྣམ་པ་བསྟན་ཞིག་ཆགས་ཡོད་པ་དང་། གནས་ཚུལ་དེ་ནི་ད་རེས་གཟའ་འཁོར་འདིའི་ནང་ཇར་མན་ནང་G20་ཟེར་བའི་འཛམ་གླིང་གི་རྒྱལ་ཁབ་༢༠འི་ལྷན་ཚོགས་ཚོགས་རྒྱུའི་སྔོན་དུ་བྱུང་བ་ཞིག་ཡིན་ཞིང་། རྒྱ་ནག་གི་སྲིད་འཛིན་ཞི་ཇིན་ཕིང་གིས་ཀྱང་ཇར་མན་ནང་G20 ་ཟེར་བའི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ནས་རྒྱ་ནག་གིས་ཁོར་ཡུག་དང་རང་དབང་གི་ཚོང་ལས་ཐོག་དབུ་ཁྲིད་བྱེད་རྒྱུའི་འདུན་པ་བཏོན་རྒྱུ་ཡིན་པ་ལ་བརྟེན་ནས་ལིའུ་ཞོ་པོའོ་ཡི་བཙོན་འོག་ནད་མནར་སོགས་ཀྱི་དོན་རྐྱེན་དེས་རྒྱ་ནག་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་སེམས་ཚབས་ཡོད་པའི་དབང་གིས་ཡིན་པ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འགྲེལ་བརྗོད་གནང་འདུག
གསར་འགོད་པ་ཚེ་དབང་ནོར་བུ།