ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བའི་ཡ་ལན་དུ་རྒྱ་གཞུང་གིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༢༥ སྤར་རྒྱུ་ཡིན་པ་བསྒྲགས་འདུག
ཨ་རིས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༤༥ དགལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་རྗེས་རྒྱ་གཞུང་ནག་གཞུང་གིས་རེས་གཟའ་པ་སངས་ཉིན་ཨ་རིའི་དངོས་ཟོག་ཐོག་ཡ་ལན་སྒོ་ཁྲལ་བརྒྱ་ཆ་ ༡༢༥ རུ་སྤར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་རྒྱལ་ཁབ་གཉིས་དབར་གྱི་ཚོང་འབྲེལ་འགལ་ཟླ་ཇེ་ཆེར་བཏང་ཡོད།
དེ་ཡང་ཟླ་བ་ ༤ ཚེས་ ༡༡ རེས་གཟའ་པ་སངས་ཉིན་རྒྱ་ནག་དཔལ་འབྱོར་ལྷན་ཁང་གི་སྒོ་ཁྲལ་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད། ཨ་རིས་རྒྱ་ནག་ལ་རྒྱུན་ལྡན་མིན་པའི་སྒོ་ཁྲལ་མཐོན་པོ་བཀལ་བ་དེས་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་གཞི་དང་། གཞི་རྩའི་དཔལ་འབྱོར་སྒྲིག་ཁྲིམས། ཐུན་མོང་གི་བསམ་ཤེས་དང་འགལ་གྱི་ཡོད་སྐོར་བརྗོད་འདུག་པ་དང་འབྲེལ། སྒོ་ཁྲལ་གསར་པ་དེ་རེས་གཟའ་སྤེན་པ་ནས་བཟུང་ལག་བསྟར་བྱ་རྒྱུ་རེད་འདུག
རྒྱ་ནག་གཞུང་འབྲེལ་གསར་ཁང་(Xinhua)ལྟར་ན། རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སི་པན་གྱི་སྲིད་བློན་པེ་ཌི་རོ་སན་ཆེ་སི་ (Pedro Sanchez)ལགས་དང་ཐུག་འཕྲད་སྐབས། ཚོང་ཁྲལ་དམག་འཁྲུག་གིས་སུ་ལའང་ཁེ་ཕན་མེད་པ་དང་། འཛམ་གླིང་སྤྱི་ཚོགས་ལ་རྒོལ་བ་ནི་མཐར་རང་ཉིད་ཁེར་རྐྱང་དུ་འགྱུར་རྒྱུ་ཡིན་ཞེས་བརྗོད་ཡོད་སྐོར་བསྒྲགས་འདུག
གཞི་རྩའི་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་ཐེ་བའི་རྒྱལ་ཁབ་མང་དག་ཅིག་ལ་སྒོ་ཁྲལ་སྤར་བར། རྒྱ་ནག་གིས་དེར་གདོང་ལེན་གྱིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་སྤར་བར་བརྟེན་ཕྱོགས་གཉིས་བར་འགལ་ཟླ་ཆེ་རུ་ཕྱིན་ཏེ། སྒོ་ཁྲལ་སྤར་རེས་བྱས་ཤིང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་མ་འཛུགས་ཁྲོམ་ར་དང་། ཚོང་འབྲེལ་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།