ཨ་རིས་རྒྱ་ནག་ཐོག་གི་སྒོ་ཁྲལ་ད་ཆ་བརྒྱ་ཆ་ ༡༤༥ བཀལ་ཡོད་པ་ཕོ་བྲང་དཀར་པོས་གསལ་བཤད་བྱས་འདུག
གཟའ་ཕུར་བུའི་ཉིན་ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་ཐོག་ད་བར་སྒོ་ཁྲལ་ཁྱོན་བསྡོམས་བརྒྱ་ཆ་ ༡༤༥ བཀལ་ཡོད་པ་བརྗོད་འདུག་ཅིང་། ཨ་རི་དང་རྒྱ་ནག་ནི་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་གཉིས་པོ་དེ་ཡིན་པ་དང་། ད་ལྟའི་སྒོ་ཁྲལ་སྤར་བའི་གནད་དོན་དེས་གོ་ལའི་ཚོང་ལས་ཐོག་དོ་ཕོགས་གཏོང་བའི་ཉེན་ཁ་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲམཔ་མཆོག་གིས་རྒྱ་ནག་ནས་ནང་འདྲེན་བྱེད་རྒྱུའི་ཚོང་ཟོག་ཐད་སྒོ་ཁྲལ་བརྒྱ་ཆ་ ༡༢༥ སྤོར་ཆ་གནང་ཞིང་། འོན་ཀྱང་དེའི་ནང་རྒྱ་ནག་ནས་ཨ་རིའི་ནང་གཟི་སྨན་ Fentanyl གསང་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་རྒྱུར་དམིགས་པའི་ཚོང་ཟོག་སྒོ་ཁྲལ་བརྒྱ་ཆ་ ༢༠ ཐམ་པ་དེ་ཚུད་མེད་པ་རེད།
དེ་བཞིན་གཟའ་ལྷག་པའི་ཉིན་སྲིད་འཛིན་ཏྲམཔ་མཆོག་གིས་ཨ་རིའི་སྒོ་ཁྲལ་སྤར་སྣོན་གྱི་གནད་དོན་ཐད་གྲོས་མོལ་གྱི་འདུན་པ་འདོན་མཁན་དང་། ཨ་རིའི་ཐོག་སྒོ་ཁྲལ་འཕར་མ་དགལ་རྒྱུའི་ལས་སློག་མི་བྱེད་མཁན་གྱི་ཡུལ་གྲུ་མང་པོ་ཞིག་གི་ཐོག་སྒོ་ཁྲལ་འཕར་མ་དགལ་རྒྱུ་ཉིན་གྲངས་དགུ་བཅུའི་རིང་ཕར་འགྱང་གནང་རྒྱུ་གློ་བུར་གྱི་གསལ་བསྒྲགས་གནང་ཡོད་པ་རེད།
འོན་ཀྱང་གཟའ་ཕུར་བུའི་ཉིན་ཨ་རིའི་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་གི་ཐོག་སྲིད་འཛིན་གྱི་ངོས་ནས་རྒྱ་ནག་དང་གྲོས་མཐུན་ཞིག་འབྱུང་རྒྱུར་རེ་བའི་སྒོ་མོ་ཕྱེ་ནས་ཡོད་པའི་རྣམ་འགྱུར་ཞིག་བསྟན་གནང་འདུག་ལ། དེ་དང་ཆབས་ཅིག་ཁ་སང་ཡུལ་གྲུ་མང་པོ་ཞིག་གི་ཐོག་སྒོ་ཁྲལ་འཕར་མ་དགལ་རྒྱུའི་ཕར་འགྱང་བྱ་རྒྱུའི་ཐག་གཅོད་དེ་ནས་དུས་ཚོད་ངེས་མེད་ནང་འགྱུར་བ་འགྲོ་སྲིད་ལུགས་ཀྱི་རྣམ་འགྱུར་ཡང་བསྟན་གནང་འདུག
སྲིད་འཛིན་ཏྲམཔ་མཆོག་གིས། གལ་ཏེ་ང་ཚོས་དམིགས་ཚད་བཟུང་བ་ལྟར་གྱི་གྲོས་མཐུན་ཞིག་མ་འབྱུང་བའམ། ཕྱོགས་གཉིས་ཀས་འདོད་མོས་བྱེད་ཐུབ་པའི་གྲོས་མཐུན་ཞིག་མ་འབྱུང་ཚེ་ང་ཚོ་དེའི་གོང་གི་གནས་སྟངས་ཐོག་འགྲོ་རྒྱུ་ཡིན་ཞེས་གསུངས་འདུག
འོན་ཀྱང་ཁོང་གིས། སྒོ་ཁྲལ་ཕར་འགྱང་གི་དུས་ཚོད་དེ་ད་དུང་ཕར་འགྱང་བྱེད་སྲིད་མིན་ནི་ “གནས་སྟངས་ཇི་ཆགས་ལ་བལྟ་རྒྱུ་རེད་” ཅེས་གསུངས་འདུག
གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་གྱིས་ཡུལ་གྲུ་མང་པོའི་ཐོག་སྒོ་ཁྲལ་སྣོན་དཀྲི་ཕར་འགྱང་བྱེད་རྒྱུའི་གསལ་བསྒྲགས་གནང་རྗེས་མ་གཤེར་ཁྲོམ་རྭྭའི་ཉིན་ཅིག་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་ཕར་ཡོད་ནའང་། གཟའ་ཕུར་བུའི་ཉིན་རྒྱ་ནག་ཐོག་སྒོ་ཁྲལ་ཕར་མ་དགལ་རྒྱུའི་གསལ་བསྒྲགས་དེས་ཉིན་ཅིག་གི་སྔོན་མ་གཤེར་རིན་གོང་འཕར་བ་ཧ་ལམ་ཡོངས་རྫོགས་ཤོར་འདུག
གཟའ་ཕུར་བུའི་ཉིན་སྲིད་འཛིན་ཏྲམཔ་མཆོག་གིས། “རྒྱ་ནག་གིས་དུས་ཡུན་རིང་པོའི་རིང་ང་ཚོའི་རྒྱལ་ཁབ་ཀྱི་་ཁེ་བཟང་བླངས་ཡོད། ཁོ་ཚོས་ང་ཚོར་བཤུ་གཞོག་བཏང་ཡོད། ང་ཚོས་ད་ལྟ་གཉེར་བཞིན་པའི་སྲིད་བྱུས་འདི་ནི་གོང་གི་གནད་དོན་དེ་དག་སླར་གསོ་བྱེད་དེ་གྲོས་མོལ་གྱི་མདུན་ཅོག་ཞིག་གི་ཐོག་སླེབས་ཐབས་དེ་ཡིན་པ་གསུངས་འདུག
ཚོང་དམག་གི་ཤུགས་རྐྱེན།
རྒྱབ་ཤིག་རྒྱབ་མ་ཐུབ་པའི་ཚོང་དམག་ཤིག་འབྱུང་ཚེ་དེས་རྒྱ་ནག་གི་དུས་ཡུན་ཐུང་ངུའི་དམིགས་ཚད་ཅན་གྱི་དཔལ་འབྱོར་ལ་ཕན་ཐོགས་ཡོང་གི་མ་རེད་ལ། དུས་ཡུན་རིང་པོར་ཡང་ཕན་གྱི་མ་རེད་ཅེས་ཨ་རིའི་ནང་རྟེན་གཞི་བྱེད་པའི་ (Council on Foreign Relations) ཕྱི་འབྲེལ་ལྷན་ཚོགས་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་ཞིབ་འཇུག་གི་འགན་འཛིན་Zongyuan Zoe Liu ཡིས་བརྗོད་འདུག
ཡང་རྒྱ་ནག་ནང་གི་ཚོང་པ་ཀྲང་ཞེན་ཅི་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་པར་གཞིགས་ན། ཁོང་གིས་རྒྱ་ནག་དང་ཨ་རི་གཉིས་ཀར་དུས་ཡུན་ཐུང་ངུར་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསུངས་པ་དང་། དུས་ཡུན་རིང་པོའི་ངོས་ནས་བཤད་ན་རྒྱ་ནག་ནི་ཨ་རིར་དངོས་ཟོག་ཕྱིར་བཙོང་ལ་ཤུགས་ཆེ་བརྟེན་ཡོད་སྟབས་རྒྱ་ནག་དོ་ཕོགས་ཆེ་བ་ཡོང་རྒྱུ་ཡིན་པར་ཡིད་ཆེས་གནང་འདུག
གཟའ་ཕུར་བུའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། ཁྱིམ་མཚེས་ཡུལ་གྲུ་ཚོ་དང་མ་འོངས་པའི་་ཁེ་ཕན་མཉམ་སྤྱོད་ཐུབ་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པ་བརྗོད་འདུག་ཅིང་། འདི་ནི་གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིའི་སྒོ་ཁྲལ་ཐོག་གི་ཚོང་དམག་གི་ངན་ཕྱོགས་ཀྱི་ཤུགས་རྐྱེན་ལས་གཡོལ་ཐབས་ཆེད་ལྷོ་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་དང་བྱེད་ལས་གཟའ་ཏུ་གཏོང་རྒྱུའི་འཐབ་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག ཞི་ཇིན་པིང་གི་གཏམ་བཤད་དེ་གཟའ་འཁོར་རྗེས་མར་མ་ལེ་ཤེ་ཡ་དང་། ཝིཡེཏ་ནམ། ཀམ་པོ་ཌི་ཡ་བཅས་སུ་འཚམས་གཟིགས་མ་གནང་གོང་གནང་པ་ཞིག་ཡིན་པ་རེད།
གསར་འགོད་པ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།