རྒྱ་ནག་གི་འོ་རྒྱུའི་བཟའ་བཅའི་རིགས་ལ་རྫས་དུག་ཁྱབ་ཡོད་སྐོར།
2008.09.18
༄༅༎རྒྱ་ནག་ནས་བཟོས་པའི་འོ་རྩམ་གྱིས་ད་བར་ལོ་ཆུང་བྱིས་པ་བཞི་རྐྱེན་ལམ་དུ་ཕྱིན་པ་དང་ ཕྲུ་གུ་༦༢༠༠ལྷག་ན་བའི་རྐྱེན་ངན་བྱུང་བའི་དཀའ་རྙོག་དེ་ད་ཆ་འོ་མ་དང་ཞོ་ ཨའེ་སེ་ཁི་རིམ་ཞེས་འཁྱགས་པ་བྱི་རིལ་ལ་ཡང་ཁྱབ་འདུག
ཧོང་ཀོང་ནས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ནས་བཟོས་པའི་འོ་མ་དང་འབྲེལ་ཡོད་ཀྱི་ཐོན་ཟོག་མི་འདྲ་བ་༣༠ད་རིང་བརྟག་དཔྱད་བྱེད་སྐབས་ ཐོན་ཟོག་དེ་ཚོའི་ཁོངས་ནས་འོ་མ་དང་ ཨའེ་སི་ཁི་རིམ་ཞེས་འཁྱགས་པ་བྱི་རིལ་ དེ་བཞིན་ཞོ་སོགས་ཐོན་ཟོག་མི་འདྲ་བ་བརྒྱད་ཀྱི་ནང་ལ་ཡང་མེའེ་ལ་མིན་ཞེས་པའི་དུག་རྫས་བསྲེད་ལྷད་ཡོད་པ་ཤེས་རྟོགས་བྱུང་འདུག རྒྱ་ནག་ནང་ནས་བཟོས་པའི་ཕྲུ་གུར་སྟེར་རྒྱུའི་འོ་རྩམ་ནང་དུག་རྫས་བསྲེད་ལྷད་བཏང་བའི་རྐྱེན་གྱིས་གོང་ཞུས་ལྟར་ད་བར་རྒྱ་ཕྲུག་བཞི་འཆི་སྐྱོན་དང་ཕྲུ་གུ་༦༢༠༠ལྷག་ལ་མཁལ་མའི་ནང་རྡོ་ཆགས་ནས་ནད་ཀྱིས་མནར་ཡོད་ཅིང་ འོ་རྩམ་ནང་དུག་རྫས་བསྲེད་ལྷད་བཏང་བའི་དཀའ་རྙོག་བྱུང་སའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁོངས་ནས་ནང་སོག་ནང་ཡོད་པའི་ ཡི་ལི་ཞེས་པའི་བཟོ་གྲྭ་དེ་ནི་གཅིག་ཡིན་པས་ ཧོངཀོང་གི་བཟའ་བཅའ་སྲུང་སྐྱོབ་ལྟེ་གནས་ཁང་གི་འགན་འཛིན་ ཁོན་སི་ཀྲེན་སི་ཁྲེན་གྱིས་ནང་སོག་གི་ཡི་ལི་ཞེས་པའི་བཟོ་ལས་ཁང་ནས་ཐོན་པའི་འོ་མ་དང་འབྲེལ་བ་ཡོད་པའི་ཐོན་ཟོག་ཚང་མ་ཕྱིར་བསྡུ་བྱ་རྒྱུ་མ་ཟད་ ཡི་ལི་བཟོ་ལས་ཁང་ནས་ཧོང་ཀོང་ནང་ནང་འདྲེན་བྱས་པའི་འོ་མ་དང་ ཞོ་ འོ་མ་ལས་བཟོས་པའི་འཁྱགས་པ་བྱི་རིལ་སོགས་ཀྱང་ཕྱིར་བསྡུ་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་གནང་ཡོད་པའི་གནས་ཚུལ་འདུག།