ཨ་རི་གཙོས་རྒྱལ་ཁབ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག
2016.06.23

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྐྱོན་བརྗོད་གནང་འདུག།
དེ་ཡང་ཕྱི་ཚེས་༢༢་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག རྒྱ་ནག་གིས་ཉེ་བའི་ཆར་གསར་དུ་གཏན་འབེབས་བྱས་པའི་ཁྲིམས་ལུགས་དང་འབྲེལ་བའི་སྐོར་གྲོས་གཞི་དོན་ཚན་༤་པའི་འོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ནས་དོ་སྣང་བྱེད་དགོས་པ་ཞེས་པའི་ཐོག་ནས་གླེང་སློང་གནང་ཡོད་པ་དང་། ལྷན་ཚོགས་ཐོག་ཨ་རི་དང་། དེ་མིན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུངའབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཐད་ཁྲིམས་ལུགས་གཏན་འབེབས་དང་། རྒྱལ་ནང་བདེ་འཇགས་ཀྱི་ཁྲིམས་ལུགས་གསར་པ་བཟོས་པ་དེས་སྤྱི་ཚོགས་ནང་མི་མང་གི་རང་དབང་ཐོག་གནོད་ཚབས་ཆེན་པོ་བཏང་ཡོད་པར་སྐྱོན་བརྗོད་གནང་ཡོད་འདུག
དེའི་སྐབས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཨ་རིའི་གཏན་འཇགས་སྐུ་ཚབ་སྐུ་ཞབས་Keith Harpar་མཆོག་གིས། ལྷག་དོན་རྒྱ་ནག་གཞུང་གིས་ནང་ཆོས་དད་ཞེན་བྱེད་མཁན་གྱི་བོད་མི་དང་། ཡུ་གུར་ཁ་ཆེ་བ། ཡེ་ཤུ་བ་ཚོར་ཆོས་ཕྱོགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པར་ཧ་ཅང་བློ་འཚབ་ཡོད་པ་གསུངས་འདུག
དེ་དང་འབྲེལ་ཡོ་རོབ་མཐུན་ཚོགས་ཀྱིས་ཀྱང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་ཡོད་པའི་ནང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དང་། ཁྲིམས་རྩོད་པ། གསར་འགོད་པ། ངལ་རྩོལ་ཐོབ་ཐང་རྩོད་ལེན་པ་དང་ཁོང་ཚོའི་ནང་མི་ཚོ་དོ་དམ་བཀག་ཉར་དང་། དམ་བསྒྲགས་སུན་གཙེར་བྱས་དང་
བྱེད་བཞིན་པ་ནི་ཧ་ཅང་གི་བློ་འཚབ་སྐྱེས་དགོས་པའི་གནས་ཚུལ་ཞིག་ཡིན་ཞིང་། དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་རྒྱལ་ནང་བདེ་འཇགས་དང་འབྲེལ་བའི་ཁྲིམས་ལུགས་གསར་པའི་ནང་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱེད་ཕྱོགས་ཀྱི་ཁྲིམས་ལུགས་དེས། དེ་སྔ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའིའགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་བརྩི་བཀུར་ཞུ་རྒྱུའི་ཁས་ལེན་བྱས་པ་དེ་ད་ཆ་དོགས་གཞི་སྐྱེས་དགོས་པ་ཞིག་ཆགས་ཡོད་པ་སོགས་གསུངས་འདུག དེ་དང་འབྲེལ་ཕྱི་ཚེས་༢༢ཉིན་དེར་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པའི་ཚབ་ཞུས་ཏེ་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ནས་བོད་དོན་སྐོར་གཏམ་བཤད་གནང་རྒྱུའི་གོ་སྐབས་བྱུང་ཡོད་འདུག།
དེ་བཞིན་སུད་སི་གྲོང་ཁྱེར་Geneva་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་གནང་བཞིན་པའི་སྐབས་འདིར། ཚེས་༢༠་ཉིན། ཉེན་ཚབས་ངང་གནས་པའི་མི་སེར་གྱི་ཚོགས་པ་ཞེས་པས་བགྲོ་གླེང་ཞིག་གོ་སྒྲིག་ཞུས་པའི་སར། འཇར་མན་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་Kai Muller་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་གྱི་སྲིད་ཇུས་མུ་མཐུད་འཛིན་བཞིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་ཐོག་ནས་བོད་ཐོག་འཛིན་པའི་སྲིད་ཇུས་དང་། ཁྲིམས། སྒྲིག་གཞི། དེ་བཞིན་ས་གནས་དང་མངའ་ཁུལ་གྱི་དཔོན་རིགས་ཚོས་དྲག་གནོན་གྱི་ཚད་གཞི་དང་བོད་མི་རྣམས་ཞེད་སྣང་འཇིགས་སྐྲག་ངང་གནས་བཞིན་པ་སོགས་ཞིབ་གསལ་འགྲེལ་བརྗོད་གནང་འདུག
གསར་འགོད་པ་འཆི་མེད་དང་ཚེ་དབང་དངོས་གྲུབ།