རི་བོ་ཇོ་མོ་གླང་མའི་རི་གཤམ་དུ་ཉེན་རྟོག་ཁང་གསར་བཙུགས།
2008.11.25
༄༅༎ཇོ་མོ་གླང་མའི་རི་རྩེར་འཛེགས་སའི་རི་གཤམ་ས་ཁུལ་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་མང་དུ་འགྲོ་གི་ཡོད་པ་བརྗོད་ནས་རྒྱ་ནག་གཞུང་གིས་ཉེན་རྟོག་ལས་ཁང་གསར་བཙུགས་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གཟའ་ཕུར་བུའི་ཉིན་གནས་ཚུལ་སྤེལ་ཡོད་པ་རེད།
དེའི་སྔོན་ཁུལ་དེའི་རྒྱུད་ཉེན་རྟོག་མི་སྣ་ཁག་ཅིག་འགྲེམས་འཇོག་བྱས་ཡོད་པ་ལས་ཉེན་རྟོག་ལས་ཁང་དངོས་སུ་མེད་པ་དང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་ཇོ་མོ་གླང་མའི་རི་གཤམ་གྱི་རི་རྩེར་འཛེགས་སའི་རི་གཤམ་ས་ཁུལ་དུ་ཉེན་རྟོག་པ་ཉི་ཤུ་ལྷག་ཙམ་གནས་པའི་ཉེན་རྟོག་ལས་ཁང་ཞིག་དངོས་སུ་གསར་བཙུགས་བྱས་ཡོད་པའི་སྐོར་ཉེ་ཆར་གནས་ཚུལ་ནང་འཁོད་ཡོད་པ་ལས་ཉེན་རྟོག་ལས་ཁང་དེའི་ནང་དངོས་སུ་ཉེན་རྟོག་པ་ག་ཚོད་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་གང་ཡང་འཁོད་མེད་པ་རེད།
ཇོ་མོ་གླང་མའི་རི་གཤམ་དུ་གསར་བཙུགས་བྱས་པའི་ཉེན་རྟོག་ལས་ཁང་དེའི་འགན་འཛིན་ཀྲང་ཧྲའོ་གྲང་ཟེར་བས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་བརྗོད་པར་གཞིགས་ན་ཉེན་རྟོག་ལས་ཁང་དེའི་ལས་འགན་ནི་ས་མཚམས་སྲུང་སྐྱོབས་དང་དེ་བཞིན་ས་གནས་མི་སེར་དང་རི་འཛེགས་པར་རོགས་རམ་ལས་དོན་སྤེལ་རྒྱུ་དེ་མིན་དེའི་རྒྱུད་དུ་ཁྲིམས་འགལ་བྱ་སྤྱོད་སྤེལ་རྒྱུར་བཀག་འགོག་བྱ་རྒྱུ་སོགས་ཡིན་པ་དང་ཇོ་མོ་གླང་མར་ཡོང་མཁན་གྱི་མིའི་གྲངས་འབོར་ཉེ་བའི་ལོ་ཤས་ནང་ཇེ་མང་དུ་ཕྱིན་ནས་དེ་སྔོན་གྱི་ཉེན་རྟོག་པ་བཀོད་གཤོམ་བྱས་པ་ཚོས་ལས་འགན་སྒྲུབ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན་ནས་ཉེན་རྟོག་ལས་ཁང་གསར་བཙུགས་བྱས་པའི་སྐོར་འགྲེལ་བརྗོད་བྱས་བཞག