རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལྦིཏ་ནམ་ནང་ལྷན་ཚོགས་ཆེད་འབྱོར།
2010.10.10
༄༅༎རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལེའུ་གོང་ལའི་ལྷོ་ཤར་ཨེ་ཤེ་ཡའི་སྲུང་སྐྱོབ་ཀྱི་ཚོགས་ཆེན་ནང་མཉམ་ཞུགས་ཆེད་ལྦིཏ་ནམ་ནང་འབྱོར་ཡོད་འདུག
རྒྱ་ནག་གི་སྲུང་སྐྱོབ་ལས་ཁུངས་ནས་གསལ་བསྒྲགས་གནང་དོན་ལྟར་ན་ སྲུང་སྐྱོབ་བློན་ཆེན་གྱིས་ལྷོ་ཤར་ཨེ་ཤེ་ཡའི་སྲུང་སྐྱོབ་ཐད་སྲིད་བྱུས་དང་འཆར་གཞི་ཇི་ཡོད་འགྲེལ་བརྗོད་གནང་རྒྱུ་ཡིན་པ་་མ་ཟད་ ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཕྱོགས་གཏོགས་རྒྱལ་ཁབ་ཚོའི་སྐུ་ཚབ་རྣམས་ཀྱང་ཚོགས་ཆེན་དུ་ཞོར་དུ་ཟུར་མཇལ་གནང་གི་ཡོད་ལུགས་གསལ་བཤད་གནང་འདུག རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལེའུ་གོང་ལའི་ཨ་མི་རི་ཀའི་སྲུང་སྐྱོབ་དྲུང་ཆེ་རོ་སྦཏ་གེཏ་སི་ཡང་མཇལ་འཕྲད་གཏན་འཁེལ་ཡོད་པ་དེ་ནི་འདི་ལོ་ཕྱི་ཟླ་དང་པོའི་ནང་ཨ་རིས་ཐེ་ལྦན་ལ་ཌོ་ལར་ཐེར་འབུམ་དྲུག་དང་ཕྱེད་ཀ་ཙམ་གནས་པའི་གོ་མཚོན་གྱི་ཚོང་འབྲེལ་གནང་བ་བཟུང་ཡུལ་གཉིས་དམག་དོན་གྱི་འབྲེལ་ལམ་བཅད་པའི་རྗེས་ཀྱི་མཇལ་འཕྲད་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད། ལྷོ་ཤར་ཨེ་ཤེ་ཡའི་སྲུང་སྐྱོབ་བློན་ཆེན་གྱི་ཚོགས་ཆེན་དེར་ཚོགས་ཞུགས་རྒྱལ་ཁབ་བཅུའི་སྲུང་སྐྱོབ་བློན་ཆེན་ཚང་མ་འཛོམས་གནང་བ་ཐོག་མ་དེ་ཡིན་པ་མ་ཟད་རྒྱ་ནག་དང་ཨ་མི་རི་ཀ་གཙི་གཙོས་པའི་འབྲེལ་ཡོད་རྒྱལ་ཁབ་བརྒྱད་ཀྱི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་གི་ཡོད་པར་བརྟེན་ཐེངས་འདིའི་ཚོགས་ཆེན་འདི་ཧ་ཅང་གལ་ཆེར་ངོས་འཛིན་གནང་གི་ཡོད་འདུག ཚོགས་ཆེན་གྱི་ཞོར་དུ་རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལྦིཏ་ནམ་ནང་ཉིན་བཞིའི་རིང་གཟིགས་སྐོར་ཡང་གནང་རྒྱུ་ཡིན་འདུག།