རྒྱ་གཞུང་ནས་བོད་དུ་གཏེར་ཁ་བསྔོགས་བཏོན་བྱས་རྗེས་སྐོར།
2008.10.21
༄༅༎རྒྱ་ནག་གཞུང་གིས་དེ་སྔོན་བོད་ཀྱི་སྟོད་མངའ་རིས་ཁུལ་དང་ནག་ཆུའི་ས་ཁུལ་ཁག་ཏུ་གསེར་དང་དེ་མིན་གྱི་རིན་ཆེན་གཏེར་ཁ་བསྔོགས་བཏོན་བྱས་པའི་ས་གཤོང་དེ་དག་གི་ནང་ས་བརྒྱངས་སྟེ་རྩྭ་འདེབས་འཛུགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་འདི་ག་རླུང་འཕྲིན་ཁང་དུ་ས་གནས་ནས་མིང་འདོན་གནང་འདོད་མེད་པའི་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད་
ཁོང་གིས་ཕྱི་ཕྱོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་གཏེར་ཁ་བསྔོགས་འདོན་གྱི་ལས་གཞིར་སྐྱོན་བརྗོད་བྱུང་བཞིན་ཡོད་སྟབས་རྒྱ་ནག་གཞུང་ཕྱོགས་ཀྱི་ངོས་ནས་གཏེར་ཁ་བསྔོགས་བཏོན་བྱ་ཡུལ་གྱི་ས་གཤོང་དེ་དག་བརྒྱང་སྟེ་ཕྱི་ཕྱོགས་སུ་ས་ཁུལ་དེ་དག་གི་ནང་གཏེར་ཁ་བསྔོགས་བཏོན་གྱི་ལས་གཞི་གང་ཡང་སྤེལ་མེད་པའི་རྣམ་པ་སྟོན་ཆེད་ཀྱི་ལས་དོན་ཞིག་ཡིན་པར་ཡིད་ཆེས་གནང་གི་འདུག
ཕྱི་ཕྱོགས་ནས་གཏེར་བསྔོག་མི་ཆོག་པའི་གནོན་ཤུགས་ཆེན་པོ་སླེབས་སྟབས་ཡར་བསྔོག་ཟིན་པའི་ས་ཆ་ག་ས་གར་མར་ས་བརྒྱང་སྟེ་སྙོམས་པོ་བཟོས་ཡོད་པ་དང་མི་ཚོས་ས་ཆ་འདི་དག་གི་ཐོག་གཏེར་ཁ་བསྔོགས་བཏོན་བྱས་ཡོད་པ་ཤེས་རྟོགས་རྩ་བ་ནས་མེད་པ་ཆགས་ཐབས་བཟོ་བཞིན་ཡོད་པར་མ་ཟད་ད་དུང་ས་གནས་ཀྱི་འབྲོག་པ་མང་པོ་གླས་སྟེ་གཤོང་རྒྱངས་པའི་ས་ཆ་དེ་དག་གི་ཐོག་རྩྭ་འདེབས་ལས་དང་ཟླ་བ་མང་པོའི་རིང་རླངས་འཁོར་ཧ་ཅང་མང་པོས་ས་གཤོང་རྒྱངས་པ་སོགས་ཀྱི་ལས་དོན་སྤེལ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད་
ཡང་གནས་ཚུལ་ངོ་སྤྲོད་པ་དེས་མུ་མཐུད་སྟོད་མངའ་རིས་ཁུལ་གྱི་ས་ཁུལ་གཞན་གྱི་ནང་གཏེར་ཁ་བསྔོགས་བཏོན་བྱ་རྒྱུར་གཏེར་ལས་པ་དང་འཕྲུལ་ཆས་འབོར་ཆེན་འབྱོར་ཟིན་སྟེ་གཏེར་ཁ་གསར་པའི་རིགས་བསྔོགས་འདོན་གྱི་ལས་དོན་སྤེལ་རྒྱུར་གྲ་སྒྲིག་བྱེད་མུས་ཡིན་སྐོར་འགྲེལ་བརྗོད་གནང་འདུག