༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་མིའི་འགོ་ཁྲིད་ཀྱི་མཇལ་འཕྲད།

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འགོ་ཁྲིད་ཅིག་མཇལ་འཕྲད་གནང་བའི་གནས་ཚུལ་བཀོད་འདུག

2008.07.03

༄༅༎རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་དང་མཇལ་འཕྲད་གནང་བ་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟེན་གནང་བ་ཡིན་ན་ལོ་འདི་མཇུག་མ་བསྒྲིལ་གོང་སླར་ཡང་གྲོས་མོལ་ཐེངས་གཅིག་གནང་རྒྱུའི་གོ་སྐབས་ཕུལ་གྱི་ཡོད་པའི་སྐོར་བཀོད་པའི་གནས་ཚུལ་ཐོན་འདུག་།

རྒྱ་ནག་ཤིང་ཧ་གསར་སྤེལ་ཁང་གིས་པེ་ཅིང་ནས་ཕྱི་ཟླ་བདུན་པའི་ཚེས་ ༣ ཉིན་གནས་ཚུལ་ཁྱབ་སྤེལ་གནང་དོན་ལྟར་ན་ རྒྱ་ནག་གི་གུང་བྲན་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ ཏུའུ་ཆིན་ལིན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞིའི་སྐུ་སྒེར་གྱི་སྐུ་ཚབ་དང་ཉེ་ཆར་མཇལ་འཕྲད་གནང་བའི་སྐོར་ཁྱབ་བསྒྲགས་བྱས་འདུག་། རྒྱ་ནག་གི་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དེ་གའི་ནང་ རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་དང་ རྒྱ་ནག་གི་མི་མང་གི་ཆབ་སྲིད་གྲོས་ཚོགས་རྒྱལ་ཡོངས་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ ཏུའུ་ཆིན་ལིན་གྱིས་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་ སྐལ་བཟང་རྒྱལ་མཚན་ལགས་དང་མཇལ་འཕྲད་གྲོས་མོལ་སྐབས་ རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མའི་ཕྱོགས་སུ་འཛིན་པའི་སྲིད་བྱུས་དེ་ཁ་གསལ་པོ་དང་སྔ་རྗེས་གཅིག་པ་འཛིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་པའི་སྐོར་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱིས་གསལ་བསྒྲགས་ནང་བཀོད་ཡོད་པ་རེད་འདུག་། ད་དུང་རྒྱ་ནག་གི་གསལ་བསྒྲགས་དེའི་ནང་ ཏཱ་ལའི་བླ་མའི་ཕྱོགས་ནས་ པེ་ཅིང་ཨོ་ལིམ་པིག་ལ་དཀའ་རྙོག་བཟོ་རྒྱུའི་ལས་འཆར་ལ་རྒྱབ་སྐྱོར་གནང་རྒྱུ་མེད་པ་དང་ བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་ཁྲིམས་འགལ་དྲག་སྤྱོད་ཀྱི་ལས་ཀ་ལ་རྒྱབ་སྐྱོར་མེད་པའི་ཐོག་དམ་བསྒྲགས་གནང་རྒྱུ་དང་ རང་བཙན་གྱི་བགྲོ་གླེང་དང་ ལས་དོན་ལ་རྒྱབ་སྐྱོར་གྱི་ཐོག་ནས་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུ་མིན་པའི་སྐོར་ཁ་གསལ་པོའི་ཐོག་ནས་ཁས་ལེན་དང་ར་འཕྲོད་པ་གནང་དགོས་པའི་སྐོར་བཀོད་འདུག་།

གནད་དོན་དེའི་སྐོར་རོའུ་ཀྲར་གསར་སྤེལ་ཁང་གིས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱོབས་པ་འཆེ་མེད་རིག་འཛིན་ལགས་སུ་བཅའ་འདྲི་ཞུ་དུས་ ཁོང་ལ་ད་ལྟའི་འཆར་གྲོས་མོལ་ག་འདྲ་བྱུང་ཡོད་མེད་ཀྱི་གནས་ཚུལ་མེད་པ་དང་ དམིགས་བསལ་སྐུ་ཚབ་རྣམ་པ་ཚོས་ཕྱི་ཚེས་བཞིའི་ཕྱི་དྲོ་བཞུགས་སྒར་རྡ་རམ་ས་ལར་འབྱོར་གནང་གི་ཡོད་པ་དང་ དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སྒྲོན་ཞུས་པའི་རྗེས་སུ་དངོས་ཡོད་གནས་ཚུལ་གང་བྱུང་བ་སྐུ་ཚབ་རྣམ་པ་གཉིས་ཀྱིས་གསལ་བསྒྲགས་གནང་གི་ཡོད་པའི་ལན་འདེབས་གནང་བ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎