རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་རྒྱ་བསྐྱེད།
2009.06.16
༄༅༎རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་ཐབས་ཆེད་ཌོ་ལར་ཐེར་འབུམ་མང་པོ་འགྲོ་སོང་བཏང་སྟེ་དམར་ཤོག་ཚོགས་པའི་གཞུང་འབྲེལ་གསར་ཤོག་མི་དམངས་ཉིན་རེའི་ཚགས་པར་གྱི་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་འདུག
མི་དམངས་ཉིན་རེའི་ཚགས་པར་གྱི་ནང་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་ཚོའི་ལས་དོན་དང་རྩོམ་སྒྲིག་པའི་ཆེད་བརྗོད་ཀྱི་ནང་ཏང་གི་ལས་གཞི་ཁག་ལ་བསྟོད་བསྔགས་བྱེད་རྒྱུ་སོགས་ཡིན་ཞིང་ཤོག་གྲངས་བཅུ་དྲུག་ཡོད་པའི་ཚགས་པར་དེ་ཤོག་གྲངས་ཉི་ཤུ་བར་སྤར་ཆ་བྱས་སྟེ་དེའི་ནང་རྒྱལ་སྤྱིའི་གལ་གནད་ཆེ་བའི་གསར་འགྱུར་མང་ཙམ་འགོད་ཐབས་བྱ་རྒྱུ་ཡིན་འདུག་པ་དང་རྒྱལ་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཚང་མ་བསྡོམས་སྟེ་མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་ཡན་ལན་བདུན་བཅུ་དོན་གཉིས་ཙམ་ཡོད་པ་དེའི་ཐོག་ད་དུང་སྣོན་འཁྲི་བྱ་རྒྱུ་ཡིན་འདུག་ཀྱང་གྲངས་ཀ་ངེས་ཅན་གསལ་བཤད་བྱས་མེད་པ་རེད།
མི་དམངས་ཉིན་རེའི་ཚགས་པར་རྒྱ་བསྐྱེད་བྱ་རྒྱུའི་གནས་ཚུལ་དེ་ཉིན་ཤས་སྔོན་རྒྱ་ནག་གཞུང་འབྲེལ་སི་སི་ཊི་ལྦི་བརྙན་འཕྲིན་གྱི་ལས་རིམ་རྒྱ་བསྐྱེད་དང་ཡར་རྒྱས་གཏོང་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད། འདས་པའི་ལོ་བཅུ་ཙམ་གྱི་ནང་སི་སི་བརྙན་འཕྲིན་གྱི་ལས་རིམ་བལྟ་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག
ལྷོ་རྒྱ་ནག་གི་ཕོ་ཉ་གསར་འགྱུར་ལས་ཁང་གིས་འདི་ལོའི་འགོ་སྟོད་དུ་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གཞུང་གིས་སི་སི་བརྙན་འཕྲིན་ལས་ཁང་དང་མི་དམངས་ཉིན་རེའི་གསར་ཤོག་བཅས་རྒྱ་བསྐྱེད་གཏོང་རྒྱུར་ཨ་མི་རི་ཀའི་ཌོ་ལར་ཐེར་འབུམ་བདུན་མ་ཟིན་ཙམ་གྱི་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད།
ལྷོ་རྒྱ་ནག་གི་ཕོ་ཉའི་ནང་གནས་ཚུལ་བཀོད་པར་གཞིགས་ན་རྒྱལ་སྤྱིའི་ནང་ད་ཡོད་སི་སི་ཊི་ལྦི་བརྙན་འཕྲིན་ལས་ཁང་གི་གསར་འགྱུར་ལས་ཁང་བརྒྱ་དང་བརྒྱད་བཅུ་ཙམ་ཡོད་པ་དེ་དག་ལྡབས་གཅིག་ཙམ་གྱི་མང་དུ་གཏོང་རྒྱུ་དང་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་མི་བཟོས་སྲུང་སྐར་བརྒྱུད་བརྙན་འཕྲིན་ལས་རིམ་རྒྱང་སྲིངས་བྱེད་འཆར་ཡོད་འདུག་ལ་དེ་དང་འབྲེལ་མཚུངས་སི་སི་ཊི་ལྦི་བརྙན་འཕྲིན་ལས་ཁང་གིས་ད་ཡོད་རྒྱ་སྐད་དང་དབྱིན་སྐད།ཕེ་རན་སི་དང་སེ་པེན་གྱི་སྐད་ཡིག་ཐོག་ཨ་རབ་དང་ར་ཤི་ཡའི་སྐད་ཡིག་ཐོག་ཀྱང་རྒྱང་སྲིངས་བྱ་རྒྱུ་ཡིན་འདུག།