རྒྱ་ནག་གི་རྫུན་སྒྲོག་བྱ་སྤྱོད་ཨ་རིས་ཐེར་འདོན་དང་བཅས་གོ་ལ་ཁྱོན་ཡོངས་ལ་གནོད་སྲིད་པའི་ཉེན་བརྡ་བཏང་འདུག

2023.10.05
རྒྱ་ནག་གི་རྫུན་སྒྲོག་བྱ་སྤྱོད་ཨ་རིས་ཐེར་འདོན་དང་བཅས་གོ་ལ་ཁྱོན་ཡོངས་ལ་གནོད་སྲིད་པའི་ཉེན་བརྡ་བཏང་འདུག ཨ་ཧྥི་རི་ཀའི་ནང་གི་རྒྱ་ནག་གི་(CCTV)་བརྙན་འཕྲིན།
AFP

ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་གཞུང་གིས་གོ་ལ་ཁྱོན་ཡོངས་སུ་གནས་ཚུལ་རྫུན་སྒྲོག་བྱེད་བཞིན་པའི་སྲིད་ཇུས་དང་ཐབས་རྩལ་སྐོར་དཔེ་མཚོན་དུ་དྲངས་ཡོད་པའི་གྲས་སུ། རྒྱ་ནག་གིས་འགྲོ་གྲོན་བཏང་ནས་གནས་ཚུལ་སྤེལ་རྒྱུའི་གནད་དོན་ཉོ་བ་དང་། དེ་བཞིན་མིང་བྱང་རྫུན་མ་བཟོས་ནས་གནས་ཚུལ་བརྒྱུད་བསྒྲགས་བྱེད་པ། དྲག་གནོན་བརྒྱུད་རྒྱ་ནག་ལ་གནོད་པའི་གནས་ཚུལ་རིགས་བཀག་འགོག་བྱེད་ཀྱི་ཡོད་པ་ཐེར་འདོན་བྱས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་ཁྱབ་ཁོངས་(Global Engagement Center)་ཞེས་ཕྱིའི་རྒྱལ་ཁབ་ཀྱི་དྲིལ་བསྒྲགས་དང་གནས་ཚུལ་རྫུན་མ་ཁྱབ་སྤེལ་ཐད་ཞིབ་འཇུག་བྱེད་མཁན་གྱི་ལས་ཁུངས་ངོས་ནས། ཤོག་ངོས་༥༨ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་དུ། པེ་ཅིང་སྲིད་གཞུང་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་བཞིན་པའི་བྱ་སྤྱོད་དེར་འགོག་རྒོལ་མ་བྱས་ཚེ། དེས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཐེབས་ནས་གོ་ལ་ཡོངས་ཀྱི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བརླག་གཏོང་སྲིད་པའི་ཉེན་བརྡ་བཏང་འདུག
ཡིན་ན་ཡང་རྒྱ་ནག་གཞུང་གི་ངོས་ནས་ཨ་རིའི་སྙན་ཐོ་དེ་ནི་དྲང་བདེན་མ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།
བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཁུལ་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་གསར་འགྱུར་གནས་ཚུལ་རྫུན་སྒྲོག་བྱེད་བཞིན་པའི་བྱ་སྤྱོད་དེས། བོད་དང་ཤིན་ཅང་སོགས་རྒྱ་ནག་གི་བཙན་དབང་འོག་སྡུག་རྩུབ་མྱོང་བཞིན་པ་རྣམས་ཀྱི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཤེས་རྟོགས་ཐུབ་རྒྱུར་འགལ་རྐྱེན་འཕྲད་སྲིད་པ་གསུངས་བྱུང་།
ཉེ་ཆར་སྤྱི་ཟླ་༩པའི་ཟླ་མཇུག་ཏུ་རྒྱ་ནག་གི་བཀོད་སྒྲིག་འོག་རྒྱལ་ཁབ་༡༧ནས་ཡོང་བའི་གསར་འགོད་པ་༢༢གྱིས། རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་དུ་ལྟ་བསྐོར་བྱས་རྗེས། ཁོ་ཚོས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ལ་ཤིན་ཅང་ས་ཁུལ་གྱི་དཔལ་འབྱོར་དར་རྒྱས་ཕུན་སུམ་ཚོགས་པོ་དེས་ཁོ་ཚོ་ལ་བག་ཆགས་ཟབ་མོ་བཞག་ཡོད་ལུགས་དང་། ལྷག་པར་དུ་ས་གནས་དེར་རིག་གནས་དང་། ཆོས་ལུགས། མི་རིགས་སྣ་མང་བཅས་ཀྱི་གནས་སྟངས་ཧ་ཅང་བཟང་པོ་ཡོད་ལུགས་བརྗོད་ནས། དེ་སྔ་ནུབ་ཕྱོགས་གསར་འགྱར་བརྒྱུད་ལམ་གྱིས་ཤིན་ཅང་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་སྤེལ་བ་དེ་དག་རྫུན་མ་ཡིན་ལུགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་(AP)་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ལྷུན་གྲུབ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎