གཞས་མ་གྲཊ་ཅན་ལེ་ཊེ་གྷ་གྷའི་གཞས་རྒྱ་ནག་ནང་བཀག་སྡོམ།
2016.06.28

ཨ་རིའི་གཞས་མ་དང་སྒྱུ་རྩལ་མ་གྲགས་ཅན་ལེ་ཊེ་གྷ་གྷས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པའི་རྐྱེན་གྱིས་རྒྱ་ནག་ནང་ཁོང་གི་གཞས་ཀྱི་བརྙན་པར་རིགས་འགྲེམས་སྤེལ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་བདུན་ཕྲག་གཉིས་ཙམ་རིང་མཛད་འཕྲིན་བསྐྱངས་གནང་མཛད་པའི་ཁོངས་སུ། འདས་པའི་གཟའ་ཉི་མ་སྤྱི་ཚེས་༢༦ཉིན་ཨ་རིའི་Indiana་མངའ་སྡེའི་རྒྱལ་ས་Indianapolis ནང་ལེ་ཊེ་གྷ་གྷ་(Lady Gaga)ཞེས་པའི་ཨ་རིའི་གཞས་མ་གྲགས་ཅན་དང་མཇལ་འཕྲད་གནང་བའི་མ་ཟད། ཁོང་ནས་སྒོམ་ཉམས་ལེན་བྱེད་ཕྱོགས་དང་དེ་བཞིན་ནང་སེམས་བདེ་ཐང་ཡོང་ཐབས་སོགས་ཀྱི་སྐོར་བཅར་འདྲི་དང་བགྲོ་གླེང་གནང་ཡོད་པའི་མ་ཟད། ཁོང་རང་ཉིད་ཀྱི་ངོ་དེབ་Face Book་ནང་ཐད་ཀར་རྒྱང་སྲིང་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁོང་ནས་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་རྣམ་པའི་ལྷན་ཚོགས་ཐོག་༧གོང་ས་མཆོག་དང་ལྷན་དུ་བགྲོ་གླེང་ནང་མཉམ་ཞུགས་ཀྱང་གནང་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་ཡོད་པ་རེད། འོན་ཀྱང་ཁ་ས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ནས་ཡོངས་ཁྱབ་བཀོད་ཁྱབ་ཅིག་བཏང་ཡོད་པའི་ནང་། རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་དང་དེ་བཞིན་སྤྱི་ཚོགས་དྲ་ལམ་ནང་ཨ་རིའི་གཞས་མ་གྲགས་ཅན་ལེ་ཊེ་གྷ་གྷའི་བཏང་བའི་གཞས་ཀྱི་བརྙན་པར་རིགས་འགྲེམས་སྤེལ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ལུགས་བཀོད་ཡོད་འདུག
དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་ནས་གཉེར་བའི་CCTV་བརྙན་འཕྲིན་དང་། རྒྱ་ནག་མི་མང་གསར་ཤོག དེ་བཞིན་Global Times་ཞེས་པའི་ཡོངས་ཁྱབ་ཆེ་བའི་གསར་འགྱུར་དང་བརྙན་འཕྲིན་ལས་ཁུངས་བཅས་ནས་ཀྱང་སྐྱོན་བརྗོད་ཀྱི་གནས་ཚུལ་བཀོད་དགོས་ལུགས་ཀྱང་བཀོད་ཁྱབ་བཏང་ཡོད་པ་རེད།
ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་མཇལ་འཕྲད་སྐོར་བསམ་ཚུལ་དྲིས་པའི་སྐབས། ལེ་ཊེ་གྷ་གྷ་ཟེར་ན་སུ་རེད་ཞེས་ལན་རྒྱབ་པ་ལས་དམིགས་བསལ་ཤེས་རྟོགས་མེད་ཁུལ་བྱས་ཡོད་ཀྱང་། ཏཱ་ལའི་བླ་མས་ཕྱིའི་རྒྱལ་ཁབ་ལ་བསྐོར་སྐྱོད་བྱེད་པ་བརྒྱུད་བོད་རང་བཙན་ཁྱབ་སྤེལ་བྱེད་རྒྱུའི་དམིགས་ཡུལ་བཟུང་བ་ཞིག་རེད། དེ་འདྲ་ཡིན་དུས་རྒྱལ་སྤྱིའི་སྤྱི་ཚོགས་ནས་དངོས་ཡོད་གནས་སྟངས་ག་རེ་ཡིན་མིན་ཤེས་རྟོག་ཐུབ་པའི་རེ་བ་ཡོད་ཅེས་ལན་རྒྱབ་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུས་འདུག
གནད་དོན་འདིའི་ཐོག་མཁས་པ་ཁག་ཅིག་ནས་གཞས་མ་གྲགས་ཅན་ལེ་ཊེ་གྷ་གྷ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ན་རྒྱ་ནག་གི་ངོས་ནས་སྐྱོན་བརྗོད་བྱེད་རྒྱུ་ཡིན་པ་ཤེས་བཞིན་དུ་ཁོང་གི་བློ་སྟོབས་ཆེན་པོས་ལས་རིམ་གོ་བསྒྲིགས་ཞུས་པ་ཞིག་རེད་བསྔགས་བརྗོད་བྱས་ཡོད་པ་རེད་། རྒྱ་ནག་གཞུང་ནས་དེའི་གོང་རྒྱལ་སྤྱིའི་གཞས་པ་གཞས་མ་དང་ཡང་ན་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་གྱི་མི་སྣའི་རིགས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་རྗེས་འདི་ལྟ་བུའི་སྤྱོད་ཚུལ་བཏོན་ཡོད་མྱོང་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།