རྒྱ་ནག་གི་མ་རྐང་ཁྲོམ་ར་སླར་ཡང་མར་ཆག་པ་དང་སྐྱོ་རུ་འགྲོ་ཉེན།
2015.08.31
རྒྱ་ནག་གི་གཙོས་ཨེ་ཤེ་ཡའི་མ་རྐང་ཁྲོམ་ར་སླར་ཡང་མར་ཆག་ཡོད་པ་མ་ཟད་མུ་མཐུད་ནས་སྐྱོ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད།
དེ་ཡང་ཉིན་ཤས་གོང་ནས་བཟུང་རྒྱ་ནག་གི་མ་རྐང་ཁྲོམ་རའི་གནས་སྟངས་སྐྱོ་རུ་ཕྱིན་ནས་གཞུང་ནས་དཔལ་འབྱོར་ཉམས་རྒུད་མི་འགྲོ་བའི་ཐབས་བྱུས་བཏིངས་ཡོད་ཀྱང་། དེ་རིང་ཚེས་༣༡གཟའ་ཟླ་བའི་ཉིན་སླར་ཡང་རྒྱ་ནག་གི་མ་རྐང་ཁྲོམ་ར་མར་ཆག་ཡོད་འདུག ཁྲོམ་རའི་གནས་སྟངས་སྐྱོ་རུ་འགྲོ་བཞིན་པའི་དུས་ཚོད་འདིར་དཔལ་འབྱོར་གྱི་གནས་སྟངས་ཐོག་དྲ་རྒྱའི་བརྒྱུད་ལམ་ནས་གནས་ཚུལ་དཀྲོག་གཏམ་སྤེལ་མཁན་གྱི་དོགས་གཞིའི་འོག་ད་བར་བདེ་འཇགས་ལས་ཁུངས་ནས་མི་གྲངས་༡༩༧ ཙམ་ལ་ཉེས་པ་བཏང་ཡོད་འདུག
ད་ལྟའི་དུས་ཚོད་འདིར་རྒྱ་ནག་ཁྱོན་ཡོངས་ཀྱི་མ་རྐང་ཁྲོམ་རའི་བརྒྱ་ཆ་གསུམ་ཙམ་ཆག་ཡོད་ཀྱང་། གྲོང་ཁྱེར་ཧྲང་ཧའེ་ནང་བརྒྱ་ཆ་གཅིག་ལྷག་ཙམ་ལས་ཆག་མེད་པ་རེད།
སྤྱིར་བཏང་འདི་ལོའི་ཕྱི་ཟླ་དྲུག་པ་ནས་བཟུང་རྒྱ་ནག་ནང་གི་དཔལ་འབྱོར་གནས་སྟངས་སྐྱོ་རུ་ཕྱིན་ཡོད་པ་དང་། རྒྱ་ནག་གི་མ་རྐང་ཁྲོམ་ར་དང་། དཔལ་འབྱོར་ལ་དོ་ཕོག་ཐེབས་པ་ཡིན་ན་དེས་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལའང་གྱོང་གུན་འགྲོ་གིན་ཡོད་སྟབས། དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་ནས་རྒྱས་སྤྲོས་བྱས་ནས་བེད་སྤྱོད་བྱེད་རྒྱུ་ཉུང་དུ་གཏོང་དགོས་རྒྱུ་སོགས་གང་ལྟར་དཔལ་འབྱོར་དང་ཁྲོམ་རའི་གནས་སྟངས་ཡར་རྒྱས་དང་། ཆ་སྙོམས་ཡོང་ཐབས་སུ་ནུས་ཤུགས་ཆེ་ཙམ་བཏོན་དགོས་ལུགས་དགོངས་ཚུལ་གསུངས་འདུག
དེ་རིང་རྒྱ་ནག་ཙམ་མ་ཡིན་པར་ཉི་ཧོང་དང་། ཧོང་ཀོང་། ཨོ་སེ་ཀྲེ་ལི་ཡ་སོགས་ཀྱི་ནང་དུའང་མ་རྐང་ཁྲོམ་ར་བརྒྱ་ཆ་གཅིག་ལྷག་ཙམ་རེ་ཆག་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།