རྒྱ་ནག་དམག་མིས་ཧོང་ཀོང་སྒྱུ་རྩལ་བ་ཞིག་ལ་ཉེན་བརྡ།
2011.04.30
༄༅༎ཧོང་ཀོང་གི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་ཚན་པས། ཧོང་ཀོང་ནང་སྒྱུ་རྩལ་བ་ཞིག་གིས་དུས་ཚོད་ཐུང་ངུ་ཞིག་གི་རིང་། ཧོང་ཀོང་གི་ཐོག་རྩེག་ཅན་གྱི་ཁང་པ་འགའ་ཤས་ཀྱི་རྩིག་ངོས་སུ་ དེང་སྐབས་རྒྱ་ནག་གི་འཇུ་བཟུང་འོག་ཡོད་པ། ཨཡེ་ལྦེ་ལྦེའི་འདྲ་པར་བསྟན་པ་དེ་ནི་ ཧོང་ཀོང་གི་ཁྲིམས་དང་འགལ་བའི་ལས་དོན་ཞིག་ཡིན་པའི་ཉེན་བརྡ་བཏང་པའི་གནས་ཚུལ་ཐོན་འདུག
སིཔཀ་མིང་ཞེས་པ་ཧོང་ཀོང་གི་སྒྱུ་རྩལ་བ་ཞིག་གིས། གཟའ་འཁོར་འདིའི་ནང་ཨཡེ་ལྦེ་ལྦེའི་འདྲ་པར་དང་། དེ་མཉམ་དུ་ཨེཡེ་ལྦེ་ལྦེ་ལ་ཞེད་མཁན་སུ་རེད་ཅེས་པའི་བརྗོད་ཚིག་བཀོད་པ་ཞིག་ ཧོང་ཀོང་གི་ཉེན་རྟོག་དཔུང་དམག་གི་ལས་ཁུངས་ཨ་མ་དང་། དེ་མིན་གྱི་ཐོག་རྩེག་ཅན་གྱི་ཁང་པའི་རྩིག་ངོས་སུ་བསྟན་ཡོད་པའི་སྐོར། ཧོང་ཀོང་གི་ཉིན་རེའི་གསར་ཤོག་ལྷོ་རྒྱ་ནག་གི་ཕོ་ཉ་ཞེས་པས་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།
ཧོང་ཀོང་ནང་རྟེན་གཞི་བྱེད་པའི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་མགྲིན་ཚབ་པ་ཞིག་གིས་ སུས་ཀྱང་བཅིངས་གྲོལ་དམག་གི་ཆོག་ཆན་མེད་པར། རྩིག་པའི་ཕྱི་ངོས་སུ་འདྲ་པར་དང་བརྙན་པར་ལ་སོགས་པ་བཏོན་ཆོག་གི་མ་རེད་ཅེས་དང་། བྱ་སྤྱོད་དེ་ནི་ཧོང་ཀོང་གི་ཁྲིམས་དང་འགལ་བ་ཞིག་ཡིན་པ་བརྗོད་འདུག
ཧོང་ཀོང་གི་ཡུལ་མི་ཚོར་རྒྱ་ནག་སྐམ་ས་ཆེན་པོའི་མི་དམངས་ལས་སྤྱི་དམངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་རང་དབང་ཆེ་བ་ཡོད་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་མི་མཐུན་པ་ཚོའི་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་། ལྷག་པར་དུ་སྒྱུ་རྩལ་བ་གྲགས་ཅན་ཨཡེ་ལྦེ་ལྦེ་འཛིན་བཟུང་བྱས་པ་བཅས་ལ་རྣམ་པ་མི་འདྲ་བ་མང་པོའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། གཟའ་འཁོར་སྔོན་མར་ཧོང་ཀོང་ནང་གི་སྒྱུ་རྩལ་བ་གཙོ་བོར་གྱུར་བའི་མི་ཆིག་སྟོང་སྐོར་གྱིས། ཨཡེ་ལྦེ་ལྦེ་གློད་གྲོལ་དགོས་རྒྱུར་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དེ་བཞིན་ཧོང་ཀོང་གི་སྐད་གྲགས་ཡོད་པའི་ཚོང་པ་ཆེ་གྲས་ལིའུ་མོན་ཧོང་གིས་ཀྱང་། རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་མི་མཐུན་པའི་མི་སྣ་གྲགས་ཅན་མང་པོ་ཞིག་གི་ཐོག་དམ་དྲག་བྱེད་བཞིན་པའི་སྲིད་བྱུས་དེར་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ཚོང་པ་གྲགས་ཅན་ལིའུ་ནི་ རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ནང་གི་ཧོང་ཀོང་གི་ཚོགས་མི་ཞིག་ཡིན་པ་དང་། ཁོང་གིས་རྒྱ་ནག་གི་དམ་དྲག་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་བཞིན་པ་དེ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ངོ་རྒོལ་བྱེད་པ་ཞིག་མིན་པར། བདེན་པའི་གནད་དོན་ལ་རྒྱབ་སྐྱོར་བྱེད་པ་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།།