རྒྱ་དཀར་ནག་བར་ས་མཚམས་དཀའ་རྙོག་སྐོར་གྲོས་མོལ་གནང་རྒྱུ།
2009.10.25
༄༅༎རྒྱ་གར་དང་རྒྱ་ནག་གི་སྲིད་བློན་རྣམ་གཉིས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཚོགས་ཆེན་དུ་ཟུར་མཇལ་གྱིས་ས་མཚམས་ཀྱི་དཀའ་རྙོག་སྐོར་འགྲིག་འཇགས་ཀྱི་གྲོས་མོལ་མཇུག་སྐྱོང་གནང་རྒྱུར་མོས་མཐུན་བྱུང་ཡོད་འདུག
ཐའེ་ལེན་ཌིའི་ནང་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཉིན་གཉིས་པ་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་དང་རྒྱ་ནག་གི་སྲིད་བློན་ལྦན་ཅ་པོ་རྣམ་གཉིས་ཟུར་མཇལ་གྱིས་བར་ལམ་ནས་ཡུལ་གཉིས་ཀྱི་ས་མཚམས་ཀྱི་དཀའ་རྙོག་བསྐྱར་ལངས་བྱས་པའི་དེའི་སྐོར་གྲོས་མོལ་གནང་ཡོད་པ་མ་ཟད་ཕྱོགས་གཉིས་ཀས་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ཆེད་ཞི་བའི་གྲོས་མོལ་མཇུག་སྐྱོང་གནང་རྒྱུར་ཁས་ལེན་གནང་ཡོད་འདུག བར་ལམ་རྒྱ་ནག་གིས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅཱལ་པཱར་རྡེཤ་ནང་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་པ་དེར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད་རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དེར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་དེར་ཡང་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད། དབུ་ཁྲིད་རྣམ་གཉིས་ཀྱིས་ས་མཚམས་ཀྱི་དཀའ་རྙོག་ཐད་གྲོས་མོལ་གྱི་ལམ་ནས་ཕྱོགས་གཉིས་ཀས་མོས་མཐུན་ཡོད་པའི་ཐབས་ལམ་འཚོལ་རྒྱུར་འབད་བརྩོན་གནང་རྒྱུར་མོས་མཐུན་གནང་ཡོད་འདུག རེས་གཟའ་ཉི་མའི་ཉིན་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཀྱི་དངོས་ཡོད་དཀའ་རྙོག་དེ་གཡོལ་ཐབས་མེད་པས་སྔ་ཕྱི་མ་གཏོགས་ཕྱོགས་གཉིས་ཀས་མོས་མཐུན་ཡོང་བའི་ཐབས་ལམ་འཚོལ་དགོས་པ་དང་དེའི་ཆེད་གྲོས་མོལ་མཇུག་སྐྱོང་དགོས་པ་ལྟར་རེས་གཟའ་མིག་དམར་ཉིན་ཡུལ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་རྒྱ་གར་གྱི་གྲོང་ཁྱེར་སྦེང་ལཱོར་ནང་གྲོས་མོལ་གནང་རྒྱུ་ཡིན་ལུགས་གསུངས་གནང་འདུག།