རྒྱ་ནག་གིས་ཡོ་རོབ་ཡུལ་ཁག་ལ་དཔལ་་འབྱོར་རོཌ་སྐྱོབ།
2011.09.14
༄༅༎རྒྱ་ནག་གཞུང་གིས་ཡུ་རོབ་ཡུལ་ཁག་ནང་དཔལ་འབྱོར་གྱི་མ་རྩ་འཛུགས་པའི་ལས་དོན་མུ་མཐུད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་སྐོར་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་གིས་གསལ་འདོན་བྱས་བཞག་༎
དེང་ཡུ་རོབ་ཡུལ་ཁག་ནང་མ་དངུལ་གྱི་བུ་ལོན་ཆེ་བའི་དཀའ་ངལ་ཇེ་མང་རྐྱེན་པས་ ཡུ་རོབ་ཡུལ་ཁག་ཚོས་རྒྱ་ནག་ནས་དཔལ་འབྱོར་གྱི་རོགས་སྐྱོབ་ཡོང་བའི་རེ་འདུན་ཆེན་པོ་བྱེད་པ་ལྟར་ རེས་གཟའ་ལྷག་པའི་ཉིན་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལྷན་ཚོགས་སར་ རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་གིས་ རྒྱ་ནག་གིས་ཡུ་རོབ་ཁུལ་དུ་ཚོང་འབྲེལ་དང་འབྲེལ་བའི་མ་རྩ་འཛུགས་པའི་ལས་དོན་མུ་མཐུད་སྤེལ་བའི་ཁར་ མ་རྩ་རྒྱ་ཆེ་འཛུགས་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་ ཡང་ཆབས་ཅིག་ཡུ་རོབ་སྤྱི་མཐུན་སྒྲིག་འཛུགས་ངོས་ནས་རྒྱ་ནག་ལ་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱིས་གདེང་འཇོག་ཆ་ཚང་སྤྲོད་དགོས་པའི་སྐོར་ནན་བརྗོད་བྱས་ཡོད་འདུག་ རྒྱ་ནག་དེ་བཞིན་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཡིན་ཡང་ རྒྱ་ནག་ལ་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱི་ངོས་འཛིན་ཆ་ཚང་མ་འཐོབ་པར་ རྒྱ་ནག་ནས་ཡུ་རོབ་ཁུལ་དུ་མ་རྩ་འཛུགས་འཇོག་ལས་དོན་དང་ དངོས་ཟོག་ཕྱིར་འདྲེན་བྱ་ཕྱོགས་ཐད་ ད་ལྟའང་འགོག་རྐྱེན་སྣེ་མང་ཡོད་ལ་ ༢༠༡༦་ལོར་ འཛམ་གླིང་ཚོང་དོན་སྒྲིག་འཛུགས་ངོས་ནས་ རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཀྱི་གནས་བབ་ལ་བསྐྱར་ཞིབ་གནང་འཆར་ཡོད་པ་རེད་ སྲིད་བློན་ལྦེན་ཅ་བའོ་གིས་ ཡུ་རོབ་ཡུལ་ཁག་ནང་བུ་ལོན་དང་ དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་སེལ་རྒྱུར་ རྒྱ་ནག་གཞུང་ནས་མ་རྩ་རྒྱ་ཆེ་འཛུགས་པ་སོགས་དཔལ་འབྱོར་གྱི་རོགས་སྐྱོབ་གནང་རྒྱུའི་གསུངས་བཤད་ནང་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་འགོ་འཁྲིད་རྣམས་་དང་དེ་བཞིན་ཡུ་རོབ་ཡུལ་གྲུ་ཆེ་ཁག་གི་འགོ་འཁྲིད་རྣམས་ནས་ རྒྱ་ནག་དང་འབྲེལ་ལམ་གྱི་སྲིད་ཇུས་ནང་ ཚོང་འབྲེལ་གྱི་ལྟ་ཕྱོགས་ཁོ་ན་མ་ཡིན་པར་ རྒྱ་ནག་དང་ཐབས་ཇུས་ཀྱི་འབྲེལ་བའི་ལྟ་ཕྱོགས་བཟུང་དགོས་སྐོར་གསལ་འདོན་བྱས་ཡོད་པ་རེད་༎